ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མར་རམ་འདེགས་ཧུར་ཐག་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་རྒྱུགས་ནི་སློབ་མ་ཚོ་དང་འབྲེལ་བ་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་ཡང་འབྲེལ་བ་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཚོར་གཡས་སྲུང་གཡོན་སྐྱོར་བྱེད་བཞིན་ཡོད།

མཐོ་རྒྱུགས་རིང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོར་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔོན་ཚུད་ནས་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་མ་ཟད། རྒྱུགས་སྤྲོད་སློབ་མའི་རོགས་སྐྱོར་གྱི་ཐད་སྦྲེལ་ཁ་པར(0891-6324629དང་0891-6247283)ཤར་གཏོང་བྱས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོར་ཞབས་འདེགས་ཞུས་ཡོད།

མཐོ་རྒྱུགས་རིང་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་རྒྱུགས་ར་ཆེ་གྲས་ཁག་གི་ཉེ་འཁོར་དུ་དུང་བརྡ་གཏོང་མི་ཆོག་པའི་མཚོན་རྟགས་བྱང་བུ་བཀོད་སྒྲིག་བྱས་ཏེ་རྒྱུགས་རའི་ཉེ་འཁོར་དུ་འགྲིམ་འགྲུལ་གྱི་འཛེར་སྒྲ་མི་ཐོན་པ་བྱས་ཡོད། རྒྱུགས་རའི་ཉེ་འཁོར་གྱི་ལམ་རྒྱུད་དུ་ཉེན་རྟོག་པ་མང་དུ་བཏང་སྟེ་འཁོར་རིགས་ཤར་གཏོང་ཡོང་ཐབས་བྱེད་པ་དང་། སྐོར་སྐྱོད་རླངས་འཁོར་མང་དུ་བཏང་སྟེ་འཕྲལ་སྡོམ་ཐག་གཅོད་དང་འགྲིམ་འགྲུལ་ལས་འཛོལ་མགྱོགས་མྱུར་ཐག་གཅོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།

འདི་ལོའི་མཐོ་རྒྱུགས་རིང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་མཐོ་རྒྱུགས་སློབ་མའི་སྐྱེལ་འདྲེན་རླངས་འཁོར་60བཀོད་སྒྲིག་བྱས་ཡོད། རྒྱུགས་ར་9ཡི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་གི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་དང་རླངས་འཁོར་མང་དུ་བཏང་ནས་རླངས་འཁོར་ཐོན་པའི་དུས་ཡུན་ཐུང་དུ་བཏང་ཡོད། གཙོ་བོ་ཡིག་རྒྱུགས་མ་བཏང་གོང་གི་ཆུ་ཚོད་2དང་བཏང་རྗེས་ཀྱི་ཆུ་ཚོད་1རིང་རྒྱུགས་ར་ཁག་གི་ལམ་ཐིག་བརྒྱུད་དུ་འགྲོ་འོང་བྱེད་པའི་རླངས་འཁོར་མང་དུ་བཏང་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཁྲང་ཅིའུ་ཡིས“ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ད་ཐེངས་ཁ་ལོ་བ་60སྐོང་འཐེན་བྱས་པ་དེ་དག་ཚང་མ་རླངས་འཁོར་གཏོང་རྩལ་བྱང་ཆུབ་པའི་ཡ་རབས་དཔེ་དམག་གི་ཁ་ལོ་བ་རེད། ང་ཚོས་ཁ་ལོ་བ་ཡོངས་ཀྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་དང་བཀོལ་སྤྱོད་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ་དུང་བརྡ་གཏོང་མི་ཆོག་པ(ལྷག་པར་དུ་རྒྱུགས་རའི་ཁུལ)དང་དམིགས་བསལ་གྱི་གནད་དོན་འཕྲད་ཚེ་རྒྱུགས་སྤྲོད་སློབ་མ་སྔོན་ལ་རླངས་འཁོར་གཞན་སྡོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ངོ་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།