བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ནས། ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང་དང་ཆུས་ཁག་གཅིག་གི་བདེ་འཇགས་བརྟན་ལྷིང་ལས་དོན་གྱི་གནས་ཚུལ་ལ་འཐེན་བཤེར་དང་བཀོད་གཏོང་གནང་བ་དང་སྦྲགས་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ཧོ་ཝུན་ཧའོ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་འབྲེལ་ཡོད་བྱེད་སྒོར་ཕེབས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་ཉེ་ཆར་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བསམ་བློའི་ངོས་འཛིན་དམིགས་སར་འབྱོར་བ་དང་། སྒྲིག་འཛུགས་དང་འགོ་ཁྲིད་དམིགས་སར་འབྱོར་བ། ལས་ཀའི་བྱེད་ཐབས་དམིགས་སར་འབྱོར་བ། ལས་སྒྲུབ་དང་ལས་སྒྲུབ་གྲ་སྒྲིག་དམིགས་སར་འབྱོར་བ། བདེ་འཇགས་འགོག་ཟོན་དམིགས་སར་འབྱོར་བ། ཞབས་ཞུ་འགན་ལེན་དམིགས་སར་འབྱོར་བ་བཅས་བྱས་ནས། ལྗོངས་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཁོང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཐོག“སྤྱི་ཡོངས་གཉིས”བློ་ལ་བཅངས་ནས། རྒྱལ་ཁབ་ཀྱི་དོན་ཆེན་ཐད་སེམས་ནང་གདེང་ཚོད་ཡོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆའི་བདེ་འཇགས་འགན་ལེན་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ནས། ཏང་ཀྲུང་དབྱང་གིས་དོ་ཁུར་དང་ནན་བཤད་བྱེད་པའི་ལས་དོན་ཁག་དངོས་འབྲེལ་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེ་ཤོས་སྲུང་སྐྱོང་ཡག་པོ་བྱེད་དགོས།

འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཐོག་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བརྟན་ལྷིང་ལས་དོན་དེ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་འཆང་བ་དང་། ཕྲག་ཏུ་ཁུར་བ། ལག་ཏུ་འཛིན་པ་བཅས་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་སྤྱད་དེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་མཁས་པ་བྱས་ནས། “གནས་ཚུལ་མི་ལྷག་པ་དང་། ཀྲུང་དབྱང་ལ་ལས་རྙོག་མི་བཟོ་བའི”མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་བ། སྔ་ཙམ་ནས་དམ་འཛིན་དང་། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་སུ་བཅོས་སྒྲིག་གཏིང་ཟབ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ། འགལ་བ་དང་རྩོད་གཞིའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སྔ་ཙམ་ནས་བསལ་ཏེ། ཁ་ཕྲལ་གཏོང་མཁན་དང་ཁྲིམས་འགལ་ཉེས་གསོག་པ་ཚོར་གོ་སྐབས་གཅིག་ཀྱང་གཏན་ནས་སྤྲོད་མི་རུང་། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཐོག་རྡུང་རྡེག་བཏང་ནས་སྔོན་འགོག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་བྱེད་པ། རྩ་ལག་མཉམ་བཅོས་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་དོ་ཁུར་གྱིས“དོ་དམ་དང་། བཅོས་སྒྲིག སློབ་གསོ”བཅས་ཀྱི་ཕྱོགས་བསྡུས་ཇུས་བསྟར་ལ་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་མཐའ་སྲུང་མཐའ་བརྟན་དང་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཏང་གིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁྲི་བ་དང་པོའི་ལས་འགན་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་ནས། སྟོབས་ཤུགས་དམིགས་སར་འབྱོར་བ་དང་། འགན་འཁྲི་དམིགས་སར་འབྱོར་བ། ལས་དོན་དམིགས་སར་འབྱོར་བ་བཅས་ཡོང་བའི་འགན་ལེན་བྱས་ཏེ། མཐའ་སྐྱོང་བོད་བརྟན་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པ་དང་མི་དམངས་ལ་ཚད་མཐོའི་འགན་འཁྲི་འཁུར་ལུགས་མཚོན་པར་བྱེད་དགོས།

ཚོགས་འདུ་མ་ཚོགས་གོང་། ཏིང་ཡེ་ཤན་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕེབས་ནས། བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་བའི་རྒྱུགས་ལེན་ལས་དོན་ལ་སྐོར་ཞིབ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།