མྱང་ཆུའི་འགྲམ་དུ་ཐོན་ལས་དར་ཞིང་རྒྱས།

—— གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་གྱི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩིས་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་སུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་མཐོའི་ལྗང་མདོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་རྟེན་གཞི་གཏོད་པ། མང་ཚོགས་དབུལ་པོ་དང་ཐོན་ལས་སྦྲེལ་ཐག་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ལས་ཞུགས་གང་ལེགས་ཐུབ་པ་དང་། ཕན་པ་གང་མང་ཐོབ་པ། རྒྱུན་མཐུད་འབབ་འཕར་ཡོང་བ་བཅས་བྱས་ཏེ་སྤུས་ཚད་ལེགས་པའི་ངང་དབུལ་ཞྭ་ཕུད་པའི་འགན་ལེན་བྱས་པ་རེད།

བསམ་ཇུས་ལ་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་པ།

དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་སྒྲོལ་གྱི་རྩ་བའི་འགན་ལེན་རེད། རྨང་གཞི་ཞན་པ་དང་ཐོན་ལས་གཉེར་བའི་ཆ་རྐྱེན་མེད་པའི་དོགས་གཞིར་དམིགས་ཏེ་པ་སྣམ་རྫོང་གིས་བསམ་ཇུས་ལ་འགྱུར་ལྡོག་བཏང་སྟེ། ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་རང་ངོས་ཀྱི་ཚུགས་གནས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ས་མཐོའི་ལྗང་མདོག་ཞིང་ལས་ཐོན་ལས་མཁོ་སྤྲོད་རྟེན་གཞི་འཕེལ་རྒྱས་ཀྱི་ཁ་ཕྱོཌ་གཏན་འཁེལ་བྱས་པ་རེད།

པ་སྣམ་རྫོང་ཨུད་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། ཧྲན་ཏུང་ཞིང་ལས་ཚན་རིག་ཁང་། བོད་ལྗོངས་ཞིང་ལས་ཚན་རིག་ཁང་བཅས་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དང་ཕྱོགས་ཅི་ཐད་ནས་འབྲེལ་གཏུག་བྱས་ནས་མདུན་བཅར་བཀའ་འདྲི་ཞུ་བ་དང་ཁོང་ཚོ་པ་སྣམ་རྫོང་དུ་གདན་དྲངས་ནས་ཁོང་ཚོའི་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།

ཕྱོགས་མང་པོ་ནས་སློབ་སྦྱོང་དང་ཁྲོམ་རར་ཞིབ་འཇུག་བརྟག་དཔྱད་མང་པོ་བྱས་རྗེས་པ་སྣམ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་འཆར་འགོད་བཟོ་བ་དང་། འཐུས་སྒོ་ཚང་བའི་དབུལ་སྐྱོར་ཐོན་ལས་འཆར་འགོད་མ་ལག་དང་གཙོ་གནད་རྣམ་གྲངས་མཛོད་འཛུགས་པ། “ཁུལ་གསུམ་དང་བར་ཁྱམས་གཅིག་གླིང་བཅུ”ཡི་ཐོན་ལས་རྣམ་པ་ཁ་གསལ་བཟོ་བ། མུའུ་ཁྲི་ཟིན་པའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་ཏོག མུའུ་ཁྲི་ཟིན་པའི་སྐྱེ་ལྡན་ནས། མུའུ་ཁྲི་ཟིན་པའི་སྐྱེ་ལྡན་འདྲེ་ཚེར་མ། མུའུ་ཁྲི་ཟིན་པའི་མིས་བཏབ་གཟན་རྩྭ་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ཀྱི“མུའུ་ཁྲི་ཡོད་པ་བཞིའི”གཙོ་གནད་ཐོན་ལས་རྣམ་གྲངས་བཏོད་པ་བཅས་བྱས་ཏེ“ཁ་དོག་སྣ་ལྔའི་གནས་ཡུལ·སྐྱེ་ལྡན་པ་སྣམ”གྱི་ས་ཁོངས་སྤྱི་པའི་སྤུས་རྟགས་བཏོད་པ་རེད།

སྒྱུར་བཅོས་སྒུལ་ཤུགས་མཐའ་འཁྱོངས་བྱས་ཏེ“པ་སྣམ་གྱི་དཔེ་དབྱིབས”བཏོད་པ།

དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དཀའ་ངལ་མང་པོ་འཕྲད་སྐབས་པ་སྣམ་རྫོང་གིས་རྡོ་ལག་མྱུལ་བྱེད་བཞིན་ཆུ་བརྒལ་བ་དང་སྒྱུར་བཅོས་ཀྱི་སྒུལ་ཤུགས་བཙལ་ཏེ་རི་ཐུག་ན་ལམ་འབྱེད་པ་དང་ཆུ་ཐུག་ན་ཟམ་པ་བརྒྱབ་ཐོག་པ་སྣམ་རྫོང་གི་དོན་དངོས་དང་འཚམ་པའི་ལམ་བུ་ཞིག་བཙལ་ནས“པ་སྣམ་གྱི་དཔེ་དབྱིབས”བཏོད་པ་རེད།

ཐོན་ལས་འཕེལ་རྒྱས་གཏོང་བར་བྱེད་པོ་ནི་འགག་རྩ་ཡིན་ཞིང་། གཉེར་སྐྱོང་གི་བྱེད་པོ་གཙོ་བོ་དཀོན་པ་ནི་པ་སྣམ་རྫོང་གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བའི་འཇུར་མིག་ཆེ་ཤོས་དེ་རེད། འཇུར་མིག་དེ་མེད་པར་བཟོ་ཆེད་པ་སྣམ་རྫོང་གིས་བོད་ཀྱི་གཞི་ཁྱོན་ཅན་གྱི་སྐྱེ་ལྡན་འདྲེ་ཚེར་མ་འདེབས་འཛུགས་ལས་སྣོན་རྟེན་གཞི་དང་པོ་དེ་བཙུགས་ཤིང་། རྟེན་གཞི་ནས་ཐོན་པའི་འདྲེ་ཚེར་མར་ཡོ་རོབ་མནའ་འབྲེལ་དང་། ཨ་རི། རི་པིན་སོགས་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཁས་ལེན་དཔང་རྟགས་ཐོབ་ཡོད་པ་དང་། ངལ་ནུས་གླ་ཕོགས་དང་ས་ཞིང་བརྒྱུད་བཤུག་སོགས་ཀྱི་ཡོང་འབབ་སྒོར་ཁྲི་5200ལྷག་ཙམ་ཟིན་ནས་ངལ་རྩོལ་ནུས་ཤུགས་དབུལ་པོ་འབོར་ཆེན་ཞིག་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

ཐོན་ལས་འཕེལ་རྒྱས་གཏོང་བར་ཚན་རྩལ་ནི་འདེགས་སྐྱོར་ཡིན་ཞིང་། དེང་རབས་ཞིང་འབྲོག་ཐོན་ལས་ཀྱིས་ངེས་པར་དུ་ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་དང་། ལེགས་ཆ། ཕན་འབྲས་བཅས་ཐོན་པར་བྱེད་དགོས་མོད། འོན་ཀྱང་པ་སྣམ་རྫོང་ལ་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པ་དང་ཞབས་ཞུའི་འགན་སྲུང་ནུས་པ་ཧ་ཅང་མི་འདང་བས་པ་སྣམ་རྫོང་གིས་མཉམ་ལས་དང་། འབྲེལ་མཐུད། གསོ་སྤེལ་བཅས་ཚན་རྩལ་འཕེལ་རྒྱས་ཀྱི་མ་ལག་ཆེན་པོ་3བསྐྲུན་པ་རེད།

ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ།

མང་ཚོགས་དབུལ་པོ་མགྱོགས་མྱུར་དབུལ་སྒྲོལ་ཐུབ་པའི་རེ་འདུན་ཆེན་པོར་དམིགས་ཏེ་པ་སྣམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྩ་བའི་དམིགས་ཚད་དུ་བརྩིས་ནས་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་དང་སྐུལ་གཏོང་སྐུལ་ཁྲིད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་དབུལ་སྐྱོར་ཐོན་ལས་ནང་ཞུགས་སུ་བཅུག་པ་རེད།

“རྟེན་གཞི་དང་སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་དཔེ་དབྱིབས་བཙུགས་པ་དང་། དུད་ཚང་གཅིག་ལ་ཐབས་ཇུས་གཅིག་དང་། དུད་ཚང་གཅིག་ལ་ཐབས་ཇུས་མང་པོ་ལག་བསྟར་བྱས་ཏེ་བྱ་དགའ་དང་ཁ་གསབ་སྤྲོད་པ་སོགས་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་དུས་འགོའི་མ་དངུལ་གཏོང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། ཁེ་ལས་དང་སྲིད་གཞུང་གིས་མཉམ་ལས་བྱས་ཏེ་ས་བོན་གསར་པ་ཁྱབ་གདལ་གཏོང་བ་དང་། ལག་རྩལ་གྱི་ཞབས་འདེགས་ཞུ་བ། ཐོན་རྫས་ཕྱིར་ཚོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཁ་ཐོར་གྱི་དུད་ཚང་དབུལ་པོ་འདེབས་འཛུགས་གསོ་སྤེལ་དུད་ཆེན་དང་། མཉམ་ལས་ཁང་གི་ལས་མི། ཐོན་ལས་བཟོ་པ་བཅས་སུ་འགྱུར་ཐོག་མང་ཚོགས་དབུལ་པོ་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་ཐད་ཀར་ཞུགས་པར་བསྡུ་ལེན་བྱས་པ་རེད།

—— དབུལ་སྐྱོར་ཐོན་ལས་ཀྱི་ཕྱོགས་བསྡུས་སྐུལ་ཁྲིད་ཕན་འབྲས་འདོན་སྤེལ་བྱེད་པ་དང་། དབུལ་སྐྱོར་ཁེ་ལས་ཀྱིས་མང་ཚོགས་དབུལ་པོའི་གམ་ནས་མངགས་ཐོ་རྣམ་པའི་ཐོག་ནས་ཞིང་ཕྱུགས་ཐོན་ཟོག་སྤྱི་རྒྱ་ཁྲི་2800ལྷག་ཙམ་དང་མི་རིགས་ལག་ཤེས་འཁེལ་ཐག་ཐོན་རྫས་སྨི་ཁྲི་4.1ཉོས་པ་དང་། དབུལ་སྐྱོར་ཁེ་ལས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་། ཁྱིམ་ཚང་ཞིང་ར། འདེབས་འཛུགས་གསོ་སྤེལ་དུད་ཆེན། མང་ཚོགས་དབུལ་པོ་བཅས་ལ་ས་བོན་གསར་པ་ཁྱབ་གདལ་དང་ལག་རྩལ་མཛུབ་ཁྲིད་བྱས་པ་དང་། མིག་སྔའི་བར་པ་སྣམ་རྫོང་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱིས་ས་ཞིང་མུའུ་20894བརྒྱུད་བཤུག་བཏང་བར་མ་དངུལ་སྒོར་ཁྲི་4365.43སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།