བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་དབྱར་དུས་ཀྱི་སློབ་རའི་གདན་ཞུའི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་གྱི་སྔ་དྲོར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས2020ལོའི་མཐར་ཕྱིན་སློབ་མར་དབྱར་དུས་ཀྱི་སློབ་རའི་གདན་ཞུའི་ཚོགས་འདུ་འཚོགས་ཏེ། ཁེ་ལས་དང་མཐར་ཕྱིན་སློབ་མའི་བར་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་སློབ་ཆེན་མཐར་ཕྱིན་སློབ་མས་བདེ་བླག་ངང་ལས་ཞུགས་བྱེད་པ་དང་བློ་བདེ་པོའི་ངང་སློབ་གྲྭ་དང་བྲལ་བར་རོགས་རམ་ཧུར་བྱས་པ་རེད། 

གདན་ཞུའི་ཚོགས་འདུ་མ་ཚོགས་པའི་སྔོན་དུ། ཞིབ་ཚགས་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་དངོས་འབེབས་སྔར་ལས་ཡག་པོ་བྱ་ཆེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་མི་སྤྱོད་སྡེ་ཚན་ཚང་མ་དྲ་ཐོག་ཏུ་ཐོ་འགོད་བྱས་པ་རེད། གདན་ཞུའི་སྡེ་ཚན་གྱི་སློབ་ཞུགས་མི་གྲངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད་དེ། བདེ་འཇགས་དང་གོ་རིམ་ལྡན་པར་ཁག་ཐེག་བྱས་པ་རེད། 

བོད་ལྗོངས་གཡུ་ཐོག་སྨན་བཅོས་བདེ་ཐང་རྒན་གསོ་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ལུའུ་ལིང་ཧྭ་ཡིས་བཤད་རྒྱུར། “ན་ནིང་ང་ཚོས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་ཡོད། ཤུལ་དུ་ལུས་པའི་སློབ་མ་འགའ་ལ་དོ་དམ་མི་སྣས་ཡོངས་ཁྱབ་ཏུ་ཁོ་ཚོས་ལས་ལ་བརྩོན་ཞིང་། དཀའ་སྤྱད་སྡུག་རུས་ཡོད་པ། ཆེད་ལས་ཀྱི་རྨང་གཞི་བརྟན་པ། ལག་ལེན་གྱི་ནུས་པ་མངོན་གསལ་དོད་པ་བཅས་ཡིན་པར་ངོ་སྤྲོད་བྱེད་བཞིན་ཡོད། ད་ལོར། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྔར་ལས་མང་བ་ང་ཚོའི་ཀུང་སིར་འཇོན་ཐང་ངོམས་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར། 

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི2020ལོའི་མཐར་ཕྱིན་སློབ་མ་བསྡོམས་པས368ཡོད་པ་དང་། དེ་ཁྲོད་སློབ་མ114ཡི་ལས་ཞུགས་བྱ་བ་མངོན་འགྱུར་བྱས། ཐེངས་འདིའི་གདན་ཞུའི་ཚོགས་འདུ་སྐབས་སུ་བསྡོམས་པས་ངོ་སྤྲོད་མདོར་བསྡུས560འབྱོར་བ་དང་། མིག་སྔར་མི93ལ་ལས་ཞུགས་འདོད་མོས་ཐད་ཀྱི་གྲོས་མཐུན་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།