པེ་ཅིང་དང་ཅང་སུའུ་ཡིས་སྨན་བཅོས་བོད་སྐྱོར་གྱི་ལས་དོན་ཧུར་ཐག་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  པེ་ཅིང་དང་ཅང་སུའུ་ཡི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་པས་ལྷ་ས་གྲོང་ཁྱེར་ནད་ཡམས་འགོག་ཟོན་ལྟེ་གནས་དང་།  སྟག་རྩེ་ཆུས་མི་དམངས་སྨན་ཁང་།  ཆུ་ཤུར་རྫོང་མི་དམངས་སྨན་ཁང་བཅས་ཀྱི་སྨན་དོན་པ་དང་མཉམ་འབྲེལ་ཐོག  སེ་ར་དགོན་དང་འབྲས་སྤུངས་དགོན་དུ་སྨན་བཅོས་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ།  དགེ་འདུན་པ་དང་མང་ཚོགས་ཚོར་བདེ་ཐང་ཐད་ཀྱི་འཆད་ཁྲིད་དང་།  གཟུགས་པོ་བརྟག་དཔྱད།  འོས་འགན་སྨན་བཅོས།  ནད་ཡམས་བློ་འདྲི།  བདེ་ཐང་དྲིལ་བསྒྲགས་སོགས་ཀྱི་དམངས་ཕན་ཞབས་ཞུ་བསྒྲུབས་ཡོད།

གཞན་ཡང་།  གཞི་རིམ་གྱི་སྐོར་བསྐྱོད་སྨན་བཅོས་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་ཆེད།  པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་འདམ་གཞུང་།  སྙེ་མོ་རྫོང་བཅས་ལ་རིན་ཐང་སྒོར་ཁྲི་ཚོ600རི་བའི་སྐོར་བསྐྱོད་སྨན་བཅོས་རླངས་འཁོར15ཞལ་འདེབས་བརྒྱབ་པ་རེད།  ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བདེ་སྐྱིད་ནས།  ད་བར་ལྷ་སའི་འཕྲོད་བསྟེན་ཁང་ཚང་མར་སྐོར་བསྐྱོད་རླངས་འཁོར་སྤྲད་ཡོད་ཅིང་གོམ་སྟབས་རྗེས་མར་སྐོར་བསྐྱོད་རླངས་འཁོར་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ།  རླངས་འཁོར་དེ་དག་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སུ་བེད་སྤྱོད་ཐུབ་པ་བྱེད་རྒྱུ་མ་ཟད།  རླངས་འཁོར་དོ་དམ་དང་བེད་སྤྱོད་ཡག་པོ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།