འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གངས་ཁྲོ་ཤང་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ཟུར་ཞིག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མ་དངུལ་ཞིབ་བསྡུས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་དང་། ས་གཞིས་ཐོན་རྫས་ཕྱིར་ཚོང་གི་གྲངས་ཚད་མཐོར་གཏོང་། ཟོག་འགྲེམས་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཐོག དོན་དངོས་ལ་གཞི་ཚུགས་ནས་བློ་ཁོག་ཆེན་པོས་གསར་གཏོད་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས“སྲིད་གཞུང་གིས་སྣེ་ཁྲིད་དང་། ཅིང་ཏུང་ཚོགས་པས་མཛུབ་ཁྲིད། ཁེ་ལས་ཀྱིས་ལག་བསྟར”བཅས་ཀྱི་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་དེ་གློག་རྡུལ་ཚོང་དོན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་།
2019ལོའི་ལོ་མཇུག་བར་ཅིང་ཏུང་བོད་ལྗོངས་ཚོང་ཁང་དང་། ཅིང་ཏུང་གཞིས་ཀ་རྩེའི་ཚོང་ཁང་། ཅིང་ཏུང་གཞིས་ཀ་རྩེའི་དབུལ་སྐྱོར་ཚོང་ཁང་སོགས་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི1000ལྷག་ཙམ་བྱུང་ཡོད།
གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་ནས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ཀྱི་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་རྗེས། ཅིང་ཏུང་ཚོགས་པའི་ཆེད་མཁས་པ་དང་མཉམ་དུ《གཞིས་ཀ་རྩེ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ཀྱི་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར》རྟོག་ཞིབ་ཐེངས་མང་བྱས་ཏེ་འཐུས་ཚང་དུ་བཏང་བ་རེད། 《གཞིས་ཀ་རྩེ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་སྤྱི་འདོམས་རྣམ་གྲངས་ཀྱི་དོ་དམ་ལམ་ལུགས》དང་《གཞིས་ཀ་རྩེ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་སྤྱི་འདོམས་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱ་ཐབས》པར་འདེབས་བྱས་ཏེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་སྤྱི་འདོམས་དཔེ་སྟོན་རྣམ་གྲངས་གྲོང་ཁྱེར་ཡོངས་སུ་སྐུལ་འདེད་གཏོང་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
གསོ་སྦྱོང་ཁྱབ་གདལ་གཏོང་བའི་ཐད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས“ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཤེས་བྱའི་འཆད་ཁྲིད་ཆེན་མོ+ལས་གཏོད་དངོས་སྤྱོད”ཀྱི་ལས་གཏོད་གསོ་སྦྱོང་བྱེད་སྒོ་སྐབས་དང་པོ་སྤེལ་ནས་གསོ་སྤེལ་དུད་ཚང་ཆེན་མོ་དང་ལས་གཏོད་པ་སོགས་མི70ལྷག་ཙམ་ལ་གསོ་སྦྱོང་བྱས། ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཀུང་སིས་ད་དུང་སྐོར་ཁག་བགོས་ནས་གཉའ་ནང་དང་། རྒྱལ་རྩེ། གྲོ་མོ་བཅས་རྫོང་གསུམ་གྱི་གཞུང་ཞབས་པ་དང་། རོང་འབྲོག་མང་ཚོགས། ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ་སོགས་མི་ཐེངས1000ལྷག་ཙམ་ལ་གློག་རྡུལ་ཚོང་དོན་གྱི་ཤེས་བྱ་དང་དེ་བཞིན་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་བྱས་པ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད། གཞིས་ཀ་རྩེ་གྲོང་ཁྱེར་དང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་བར་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། སློབ་གྲྭའི་ས་ཆ་དང་སྒྲིག་ཆས་སོགས་སྤྱད་དེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་ཟོག་འགྲེམས་ལྟེ་གནས་བཙུགས་པ། “ཐུང་གསུམ་དང་ཏཱ་གཅིག”དང་དབྱི་སྨི་ཏི་ཏ་མྱུར་སྐྱེལ་ཟོག་འགྲེམས་ཀུང་སིའི་བཅའ་སྡོད་ཀྱི་ལས་དོན་རགས་ཙམ་ལེགས་གྲུབ་བྱུང་བ་དང་འབྲེལ་ཅིང་ཏུང་སྤྲིན་ཚོམ་མཛོད་ཉར་ནང་འདྲེན་ཧུར་ཐག་བྱེད་བཞིན་ཡོད། མིག་སྔར་གཉའ་ནང་དང་། རྒྱལ་རྩེ། གྲོ་མོ་བཅས་རྫོང་གསུམ་དུ་རྫོང་རིམ་པའི་ཞབས་ཞུའི་ལྟེ་གནས་དང་ཟོག་འགྲེམས་ལྟེ་གནས་ཀྱི་ས་ཆ་གདམ་རྒྱུ་དང་དེ་བཞིན་འབྲེལ་ཡོད་ལས་དོན་སྤྱིར་ལེགས་གྲུབ་བྱུང་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ལ་སྐུལ་འདེད་བཏང་བ།