ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་གནོན་ཤུགས་ཞི་ལྷོད་དུ་གཏོང་ཆེད། བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ཏང་ཀྲུང་དབྱང་ད་བོད་ལྗོངས་ཏང་ཨུའི་མཛུབ་ཁྲིད་དགོངས་དོན་གལ་ཆེན་དངོས་འབེབས་གཏིང་ཟབ་བྱས་ཏེ། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཏང་ཙུའུ་ཡི་བཀོད་སྒྲིག་ཞིབ་མོ་ལྟར། “བརྟན་བརླིང་དྲུག”གི་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ། “འགན་སྲུང་དྲུག”གི་ལས་འགན་དངོས་འབེབས་བྱས་པ་མ་ཟད། ལས་ཤོར་འགན་བཅོལ་དང་ལས་བརྟན་ཕྱིར་སློག་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་ཀྱིས་དཀའ་ཁག་སེལ་བར་རོགས་སྐྱོར་བྱས་པ་དང་། ལས་ཞུགས་གནས་བབ་བརྟན་རླིང་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་སྲུང་འཛིན་བྱས།
གསར་འགོད་པས་བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ལས་ཞུགས་བསྡུ་ལེན་བྱེད་ཚད་ཅུང་མང་བའི་ཁེ་ལས66ལ་སྐོར་ཐེངས་གཉིས་པའི་ལས་བརྟན་ཕྱིར་སློག་མ་དངུལ་བསྡོམས་པས་སྒོར་ཁྲི1402.35རྩིས་སྤྲོད་བྱས་ཤིང་། ཟླ5བའི་ཚེས27ཉིན་བར་དུ། ལྗོངས་ཡོངས་ཀྱིས་ལས་བརྟན་ཕྱིར་སློག་མ་དངུལ་རྩིས་སྤྲོད་བྱས་པ་བརྒྱུད་དེ་ལས་ཞུགས་ལས་གནས་ཁྲི1.8བརྟན་རླིང་དུ་བཏང་བ་དང་། སྤྱིའི་མ་དངུལ་སྒོར་ཁྲི1668.25ལ་སླེབས་ཡོད།
རྒྱུས་ལོན་པ་ལྟར་ན། འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་དང་རོགས་སྐྱོར་འོག བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་རང་འགུལ་གྱིས་ཞབས་ཞུ་སྒྲུབ་པ་དང་། སྔ་མོ་ནས་འགན་སྲུང་བྱེད་པ། ལས་སྒོའི་བརྒྱུད་རིམ་རྒྱུན་མི་ཆད་པར་ཁུ་བསྡུ་དང་ལས་སྒྲུབ་གོ་རིམ་ཇེ་ལེགས་སུ་གཏོང་བ། ཆ་འཕྲིན་ཅན་གྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། མྱུར་དོན་མྱུར་སྒྲུབ་དང་དམིགས་བསལ་ལས་དོན་དམིགས་བསལ་སྒྲུབ་པའི་རྩ་དོན་ལྟར། ལས་གནས་བརྟན་རླིང་དུ་གཏོང་བའི་ལས་སྒོའི་འབྲེལ་གཏུག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། ཁེ་ལས་ཀྱི་དགོས་མཁོ་རྒྱུས་ལོན་གཏིང་ཟབ་བྱས། དེ་མིན་ལས་དུས་འཕར་སྣོན་བྱས་ནས་སྡེ་ཚན་ལས་བརྒལ་བའི་གྲངས་གཞི་ཞིབ་བསྡུར་བྱས་པ་བརྒྱུད། ཁེ་ལས་ཀྱི་དཀའ་ངལ་སེལ་བར་རོགས་སྐྱོར་ཆེན་པོ་བྱས་ལ། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་རྒྱུན་ལྡན་གྱི་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ཁེ་ལས་ཀྱི་ལས་ཞུགས་བྱ་བར་རོགས་སྐྱོར་བྱས།