ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས1ཉིན་གྱི་དགོང་མོ། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ལྟ་བུར་གྱུར་ཞིང་ལོ་རྒྱུས་མངོན་པའི་སྙན་ངག་ཟློས་གར་ཆེ་གྲས་ཝུན་ཤིང་ཀོང་ཇོ་ཞེས་པ་དུས་ཚིགས་བརྒྱད་པའི་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད། དེས་བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ལ། ལྷ་སར་ཐོབ་པའི་དབུལ་གྲོལ་འགག་སྒྲོལ་ཐད་ཀྱི་གྲུབ་འབྲས་ཀྱང་དེ་བས་སྲ་བརྟན་དང་མཐོ་རུ་གཏོང་ཐུབ་ངེས་རེད།
བརྗིད་ཉམས་ལྡན་པའི་རོལ་དབྱངས་ཁྲོད། ཐང་བོད་ཀྱི་གནའ་ཉམས་མངོན་པའི་རྒྱན་གོས་དང་། བརྗིད་ཉམས་ལྡན་པའི་མངོན་མིན་ཤུལ་བཞག་རིག་གནས་སུ་གཏོགས་པའི་བྲོ་གར་གྱི་ཉམས། ལོ་རྒྱུས་ཀྱི་ཆབ་རྒྱུན་ནང་གྲགས་པའི་ངོ་མཚར་གྱི་གཏམ་རྒྱུད་བཅས་ལས་རི་མགོ་གཅིག་ལ་གཅིག་སྦྲེལ་གྱི་ས་ཁོངས་སུ་གནས་པའི་རྒྱ་བོད་མི་རིགས་དབར་གྱི་མཛའ་གྲོགས་འགྲོ་འོང་སླར་ཡང་མངོན་གསུམ་དུ་སྣང་ཡོང་བས་མི་སེམས་ལ་གཡོ་འགུལ་མི་ཐེབས་པ་ཞིག་ག་ནས་ཡོང་།
ཝུན་ཤིང་ཀོང་ཇོ་ཟློས་གར་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ཏེ། ལུས་དྲོད་འཇལ་བ་དང་ཁ་རས་རྒྱག་ཏུ་འཇུག་པ། དུག་སེལ་བྱེད་པ། བདེ་ཐང་ཨང་རྟགས་བཤེར་བ་སོགས་འགོག་སྲུང་ཀྱི་བྱ་ཐབས་ཁག་ནན་པོ་བཟུང་བ་དང་ཆབས་ཅིག་མི་ཚོགས་ལ་ཚོད་འཛིན་བྱས་ནས། འཁྲབ་སྟོན་གྱི་དགོང་མོ་དང་པོ་དེར་ལྟད་མོ་བ་བརྒྱ་ཆ་སུམ་ཅུའི་ནང་ཚོད་འཛིན་ནན་པོ་བྱས་པ་དང་། ལྟད་མོ་བ་གཤིབ་གཤིབ་ཏུ་སྡོད་མེད་དགོས་པར་བར་ཐག་ཆོད་ཡོད་པས་ཡུལ་སྐོར་བ་ཚོར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ལྟད་མོ་ལྟ་ས་ཞིག་མཁོ་འདོན་ཐུབ་ཡོད།
ལོ་རྒྱུས་སྙན་ངག་དཔལ་མི་ཉམས། བརྩེ་སེམས་ཟབ་མོ་མུ་མཐའ་བྲལ། འཁྲབ་སྟོན་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་འཁྲབ་སྟོན་ཐེངས་དང་པོར་ཆེད་མངགས་ནད་ཡམས་འགོག་ཟོན་ཁྲོད་ལེགས་སྐྱེས་ཆེན་པོ་ཕུལ་མཁན་ལྷ་སའི་སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་འཐུས་མི་གདན་དྲངས་ནས་འཁྲབ་སྟོན་བྱས་པ་མ་ཟད། དེ་ཉིན་དགོང་མོ་འཁྲབ་སྟོན་མཇུག་འགྲིལ་རྗེས་འཁྲབ་སྟོན་པ800ལྷག་ཙམ་གྱིས་མཉམ་དུ་གར་སྟེགས་ཐོག་བསྐྱོད་ནས། དེ་གར་ཡོད་པའི་རིམས་ནད་ཁྲོད་རང་ནུས་སྐྱེས་སུ་ཕུལ་མཁན་ས་མཐོའི་འགོག་སྲུང་ཕོ་ཉ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཀྱང་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་སྟོན་དུས་ཚིགས་བརྒྱད་པའི་རིང་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་སོགས་ཀྱིས་གོ་ཆོད་ལག་ཁྱེར་ལ་བརྟེན་ནས་རིན་མེད་ངང་ལྟད་མོ་ལྟ་ཆོག་གི་ཡོད། བསམ་བློ་གཏིང་ཟབ་ལ་སྒྱུ་རྩལ་རྩེར་སོན་པ་དང་། སྒྲིག་བཟོ་སྤུས་ལེགས་བཅས་ཡིན་པའི་བོད་ཀྱི་རིག་གནས་འཁྲབ་ཚན་རྩེ་གྲ་ཞིག་ཡིན་པའི་ངོས་ནས། ལོ་བརྒྱད་རིང་ཝུན་ཤིང་ཀོང་ཇོ་ཞེས་པའི་འཁྲབ་ཚན་དེས་སྔར་བཞིན་རིག་གནས་སྒྱུ་རྩལ་མེ་ཏོག་གི་མཛེས་པ་མི་ཉམས་གོང་འཕེལ་བཏང་བ་དང་། ཀྲུང་ཧྭ་ཡི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ཆེ་བ་བཏང་ཡོད། ལྷག་པར་དུ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཆིག་སྟོང་ལྷག་ཙམ་རྣམ་གྲངས་འཛུགས་སྐྲུན་ནམ་ཡང་ན་འཁྲབ་སྟོན་ནང་ཞུགས་སུ་བཅུག་ཡོད་པ་དེས། དེ་ཁུལ་གྱི་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་ཡང་ཧ་ཅང་ཆེན་པོ་ཐོན་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལོ་རྒྱུས་མངོན་པའི་སྙན་ངག་ཟློས་གར་ཆེ་གྲས་ཝུན་ཤིང་ཀོང་ཇོ་ཞེས་པ་དུས་ཚིགས་བརྒྱད་པའི་འཁྲབ་སྟོན་བྱེད་འགོ་ཚུགས།