ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་ཇ་ལོ་ཐོན་ལས་རིམ་བཞིན་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་གཙོ་བོ་རུ་གྱུར་ཡོད་དེ། ཉིང་ཁྲི་གྲོང་ཁྱེར་དུ་ཇ་ཤིང་རེ་རེའི་རྒྱ་ཆེའི་ཞིང་བའི་ཡོང་སྒོ་འཕར་སྣོན་དང་། གྲོང་ཚོ་ཕྱུག་སྒྱུར། དབུལ་ཐར་མཁྲེགས་གཏོར་གྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཡོད། ཟླ5བའི་ཚེས29ཉིན། གསར་འགོད་པས་བོད་ལྗོངས་ཇ་ལོ་རིག་གནས་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དང་སྤོ་བོ་རྫོང་གིས་ཞིང་ས་མུའུ་ཁྲི2ལྷག་གི་ཇ་ལོ་འདེབས་འཛུགས་ལེགས་འགྲུབ་བྱས་ཏེ། ད་ལོའི་ལོ་མཇུག་བར་དུ་ཇ་ལོ་མུའུ་ཁྲི5ལེགས་འགྲུབ་བྱ་རྩིས་ཡོད་པ་དང་། 2023ལོར་བསླེབ་དུས་ཇ་ལོ་མུའུ་ཁྲི10ཡི་འདེབས་འཛུགས་གཞི་ཁྱོན་མངོན་འགྱུར་བྱ་རྒྱུ་ཡིན་པས། ཇ་ལོ་ཐོན་ལས་ཀྱིས་གནས་སྐོར་བ་རྣམས་ལྟ་སྐོར་དུ་ཕེབས་པར་ཡིད་དབང་བཀུག་པ་དང་ཆབས་ཅིག ཉེ་འདབས་ཀྱི་རོང་འབྲོག་པ་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས།
ཇ་ལོ་ཁེ་ལས་ལེགས་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་ཇ་ལོའི་ཐོན་རྫས་གྲགས་ཅན་གསར་གཏོད་བྱེད་པ་དང་། བོད་ལྗོངས་ཀྱི་ཇ་ལོ་ཐོན་ལས་བོད་ལྗོངས་ནས་ཕྱི་རོལ་དུ་བསྐྱོད་པར་རོགས་རམ་བྱ་ཆེད། 2016ལོར་བོད་ལྗོངས་ཞིང་ཕྱུགས་ཐིན་གྱིས་བོད་ལྗོངས་ཇ་ལོ་རིག་གནས་མཐུན་ཚོགས་བཙུགས། དེར་བརྟེན་བོད་ལྗོངས་ཀྱི་ཇ་ལོ་ཐོན་ལས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག ཇ་ལོ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ནུས་བ་གལ་ཆེན་བཏོན་ཡོད།
ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཇ་ལོ་ཐོན་ལས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ། ཇ་ལོ་ཐོན་ལས་འཕེལ་རྒྱས་ཀྱི་འགྱུར་མེད་བསམ་ཕྱོགས་རྒྱུན་བསྐྱང་ཏེ། ཇ་ལོ་ཐོན་ལས་དེ་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་ཤིག་ཏུ་བརྩིས་ཡོད། 2018ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཇ་ལོ་འདེབས་འཛུགས་བྱ་རྒྱུ་དེ་ཇ་ལོ་ཐོན་ལས་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། ཐེངས་མང་པོར་ཇ་ལོའི་ལག་རྩལ་བློ་འདྲི་བ་གདན་དྲངས་ཏེ་ཡུལ་དངོས་སུ་མཛུབ་ཁྲིད་བྱས་པ་རེད། ས་གནས་དེའི་རོང་འབྲོག་པ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་མངོན་འགྱུར་བྱེད་པ་དང་ཆབས་ཅིག ལས་སྣོན་དང་བྲིན་ཚོང་གོ་རིམ་ཁྲོད་མང་ཚོགས་རྣམས་ལས་ཞུགས་བྱེད་པར་རོགས་རམ་བྱས་པ་རེད།
དེ་མིན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཇ་ལོ་ཐོན་ལས་ཀྱིས་གནས་སྐོར་བའི་ཡིད་དབང་བཀུག་པ་དང་ཆབས་ཅིག་ཉེ་འཁོར་གྱི་རོང་འབྲོག་པ་སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཀྱང་བྱས་པ་རེད། ཉིང་ཁྲིའི་དབྱི་ཀུང་ཇ་རའི་ནང་གནས་སྐོར་སྤྲོ་གསེང་ཁུལ་དང་ཕྱི་རོལ་གྱི་ལྟ་སྐོར་གནས་སྐོར་ཟུང་འབྲེལ་བྱས་ཏེ། གྲོང་རྡལ་ཆགས་ཡོད་པ་དང་། ཡུལ་སྐོར་བ་སྔར་ལས་མང་བ་གནས་སྐོར་དུ་ཕེབས་པར་ཡིད་དབང་བཀུག
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཇ་ལོ་རིག་གནས་མཐུན་ཚོགས་ཀྱིས་ད་དུང་བོད་ལྗོངས་རིག་དངོས་ཅུའུ་ཉེ་འདབས་སུ་ཁང་བརྩེགས་གསུམ་ཅན་གྱི་བོད་ལྗོངས་ཇ་ལོ་འགྲེམ་སྟོན་བཀྲམ་ཚོང་ལྟེ་གནས་སྐྲུན་ཡོད་ཅིང་། ཟླ6པའི་ཚེས30ཉིན་ལས་གཞི་ལེགས་འགྲུབ་བྱ་རྩིས་ཡོད་པ་དང་། ཟླ7པའི་ཚེས1ཉིན་བཟུང་བེད་སྤྱོད་བྱེད་འགོ་བརྩམ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཇ་ལོ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱས།