ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་བའི་མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གནང་བ་སྟེ། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པའི་དུས་ཆེན་ལ་གནང་བའི་མངགས་བཅོལ་དང་ལོ་ཆུང་བྱིས་པའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱི་ལས་འགན་གྱི་ཚད་གཞི་དང་བསྡུར་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཐོག་ཀྲུང་ཧྭ་ཡི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་བརྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་སུ་གྱུར་བ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་ལོ་ཆུང་བྱིས་པའི་སེམས་དབུས་སུ་ཟུག་པ་བྱས་ཐོག་སློབ་མས་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་སྤོས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ལ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁྲིད་སྟོན་བྱེད་དགོས་པ་དེ་རེད།

ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་བུ་བཅོལ་ཁང་དུ་ཕེབས་ནས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་ལྷན་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་ཧྲི་མོའུ་ཅུན་ལྷན་དུ་ཕེབས་པ་རེད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་ཕེབས་སྐབས་ཕྲུ་གུ་ཚོས་ཏིང་ཡེ་ཤན་དང་བཅས་པར་དམར་མདངས་བཀྲ་བའི་སྐེ་དར་སྒྲོན་པ་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིའི་ཁྲིད་སྟོན་དང་ངོ་སྤྲོད་འོག་ཏིང་ཡེ་ཤན་གྱིས“ཀུན་སྤྱོད་བར་ཁྱམས”སུ་གཟིགས་སྐོར་གནང་བ་དང“ཏང་གི་བཀའ་དྲིན་དྲན་པ་དང་མེས་རྒྱལ་གྱི་བཀའ་དྲིན་དྲན་པའི”བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་དཔེ་ཀློག་སློབ་ཚན་སོགས་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཁྲིད་གནས་ཚུལ་ལ་གཟིགས་སྦྱོང་གནང་བ། སློབ་གྲྭའི“ཕུལ་དུ་བྱུང་བའི་རྩོམ་རྩལ། སྤྲོ་སྣང་ལྡན་པའི་བྱིས་དུས”ཀྱི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་གྱི་བརྩམས་ཆོས་ལ་གཟིགས་པ་རེད། སློབ་གྲྭའི་ལུས་རྩལ་ཐང་དུ་ལོ་ཆུང་གདོང་ལེན་རུ་མིའི་མཛད་སྒོར་ཞུགས་མ་ཐག་པའི་ཕྲུ་གུ་ཚོས་ཏིང་ཡེ་ཤན་གྱི་མཐའ་བསྐོར་ནས་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་དགའ་སྣང་འཚང་ཁ་ཤིག་ཤིག་ངང་ཞུས་པ་རེད། ཏིང་ཡེ་ཤན་གྱིས་རེ་བར་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པར་ཐུགས་ཁུར་ཟབ་བཞེས་དང་རེ་སྒུག་ཆེན་པོ་གནང་ལུགས་སེམས་ལ་བརྟན་པོར་ངེས་ཏེ་སློབ་སྦྱོང་ལ་བརྩོན་པ་བྱེད་རིང་ཕུགས་བསམ་དད་སེམས་བརྟན་གཏོང་དང་། འབད་འཐབ་སྙིང་སྟོབས་སྐྱེད་སྲིང་། ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་། བདེ་ཐང་འཚར་ལོངས་ཡོང་བ་བཅས་བྱས་ནས་ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ་བཅས་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཏུ་གྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།