སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པར་གནང་བའི་མངགས་བཅོལ་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་ནི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་པ་དང་། ཟླ་5ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལ་མངགས་བཅོལ་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ཞིང་། བོད་ལྗོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་བརྩོན་འགྲུས་ཆེན་པོས་ཤེས་བྱ་སློབ་སྦྱོང་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། བློ་སྟོབས་ལ་ཞུན་བརྡར་སྤྲོད་པ། གཟུགས་པོར་སྦྱོང་བརྡར། ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

ཟླ་6ཚེས་1ཉིན་གྱི་ཞོགས་པ་སྔ་པོ། བསྟན་འཛིན་ཆོས་ཉིད་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནང་རོལ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་ཡོད་པ་དང་། ཁོ་བོའི་ཨ་མ་བསོད་ནམས་ཆོས་སྒྲོན་གྱིས་འཁྲིས་སུ་ཁོ་བོར་བརྙན་ལམ་པར་ལེན་བཞིན་ཡོད་ཅིང་། བསོད་ནམས་ཆོས་སྒྲོན་གྱིས“སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན། ལོ་ཆུང་འཇོན་ཐང་ལྡན་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ངེས་ཡིན། ངས་བལྟས་ན། ཕྲུ་གུ་ཚོ་སྤྱི་གླིང་ནང་སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་པ་དེ་ཡང་གཟུགས་པོར་སྦྱོང་བརྡར་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་རེད། ངའི་རེ་བ་ཆེ་ཤོས་ནི། ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་དུས་ནམ་ཡང་སྤྲོ་སྣང་ལྡན་པ་ཡོང་བ་དེ་ཡིན”ཞེས་བརྗོད།

བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་ལག་ཤེས་བཟོ་ལས་སྒྱུ་རྩལ་སློབ་གྲྭའི་སློབ་མ་བཀྲ་ཤིས་ལྷ་མོས། ངས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས། བརྩོན་འགྲུས་ཆེན་པོས་སློབ་སྦྱོང་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། བློ་སྟོབས་ལ་ཞུན་བརྡར་སྤྲོས་པ། གཟུགས་པོར་སྦྱོང་བརྡར་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་བྱེད་རྒྱུ་ཡིན་ཞེས་བརྗོད།

ཟླ་6ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པའི་མཉམ་འཁྲབ་བྱེད་སྒོ་གཉེར་ཞིང་། ལོ་རིམ་གཉིས་པའི་ཀུན་སྤྱོད་སློབ་གསོའི་ཟུར་ཁྲིད་པ་ཀྲང་སུའུ་ཡིས“ཕྲུ་གུ་ཚོ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་ཕ་མས་ཕྱོགས་གང་ས་ཅི་ཐད་ནས་ལྟ་རྟོག་བྱེད་རྒྱུ་ནི་གལ་འགངས་ལྷག་པར་ཆེ། ད་ལྟ། ལག་ཐོགས་ཁ་པར་སྤྱོད་མཁན་མང་པོ་ཡོད། ང་ཚོས་གནས་ཚུལ་དངོས་མཚོན་པའི་འཁྲབ་གཞུང《པ་ལགས་དང་ཨ་མ་ལགས་ཀྱིས་ལག་ཐོགས་ཁ་པར་མ་གཟིགས་རོགས》ཞེས་པར་བརྟེན་ནས་ཁྱིམ་བདག་རྣམས་ལ་ཕྲུ་གུར་བྱིས་དུས་ཐེངས་གཅིག་ལས་མེད་པས་ཕྲུ་གུའི་འཚར་ལོངས་ལ་དོ་ཁུར་དེ་བས་མང་ཙམ་བྱེད་རྒྱུའི་རེ་འབོད་བྱེད་རྒྱུ་ཡིན། ཁྱིམ་བདག་དང་སློབ་གྲྭས་མཉམ་དུ་ཕྲུ་གུ་འཚར་ལོངས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད”ཅེས་བརྗོད།

གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་བོད་སྐྱོར་དགེ་རྒན་ཧྲེ་མོང་རུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ནང་། ‘ལོ་ཆུང་བྱིས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་གསར་པ་ཞིག་ཡིན’ཞེས་ནན་བཤད་གནང་ཡོད། ཧྲང་ཧའེ་ཡི་སློབ་གསོའི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསར་པ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་སླེབས་པ་དང་བསྟུན་ནས། བོད་སྐྱོར་ལས་དོན་དངོས་འབྲེལ་སྤེལ་བར་སློབ་གསོ་གཙོ་གནད་དུ་འཛིན་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་། སློབ་གསོའི་དམིགས་ཡུལ་ནི་བོད་འཕེལ་རྒྱས་མྱུར་པོ་ཡོང་བར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པས། ང་ཚོས་སློབ་མར་འགན་འཁྲིའི་འདུ་ཤེས་འཇགས་པར་མཐོང་ཆེན་བྱེད་རྒྱུ་ཡིན། ལོ་གསུམ་གྱི་བོད་སྐྱོར་ལས་དོན་གྱི་ལས་འགན་ལྕི་པོ་ཡོད་པས། ངས་སློབ་གསོའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་འབད་འབུངས་མདུན་སྐྱོད་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།