ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ཆེད་དོན་བྱ་བའི་ཚོགས་ཆུང་གི་བཀོད་སྒྲིག་ལྟར། ཉེ་སྔོན། བོད་ལྗོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བའི་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་བསྡུས་ཤིང་། བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ཏེ། སྐུལ་འདེད་ཇུས་གཞི་ལ་མཉམ་དུ་གྲོས་མོལ་གནང་བ་དང་། ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་རེད།
གྲོས་ཚོགས་སྟེང་གྲོང་ཁྱེར(ས་ཁུལ)དང་ལས་ཁུངས་སོ་སོས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ལས་དོན་སོ་སོར་སྐུལ་འདེད་བཏང་ནས་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱས། ལས་ཞུགས་རྟེན་གཞི་རྒྱ་ཇེ་ཆེར་དང་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། རྟེན་གཞིས་ལས་ཞུགས་བསྡུ་ལེན་དང་། ཐོན་ལས་གསོ་སྐྱོང་། ནུས་རྩལ་མཐོར་གཏོང་བཅས་ཀྱི་ནུས་བ་འདོན་སྤེལ་ཡག་པོ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྤོ་སྒྱུར་བྱེད་དགོས། ལས་ཞུགས་སྤོ་སྒྱུར་དེ་སྤུས་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚོང་རའི་དགོས་མཁོ་དང་འབྲེལ་མཐུད་གནད་འཕིགས་བྱས་ཏེ། “ཐོ་གསུམ”(མངགས་ཐོ་དང་། འདེམས་ཐོ། ལས་ཐོ)བཅས་ཀྱི་གསོ་སྦྱོང་ཁྱབ་སྤེལ་བཏང་སྟེ། “རྫོང་གཅིག་ལ་ཐོན་རྫས་གཅིག”གི་ངལ་ལས་ཕྱིར་གཏོང་ཚོང་རྟགས་གྲགས་ཅན་བསྐྲུན་རྒྱུ་དང་། གསོ་སྦྱོང་གི་སྤུས་ཚད་ཇེ་མཐོར་བཏང་ནས། གཞི་ཁྱོན་རྒྱ་བསྐྱེད་པ་དང་། རྩ་འཛུགས་ཅན་གྱི་ཚད་གཞི་དང་ལས་ཞུགས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་ལས་ཤུགས་བསྣན་ཏེ། བྱེད་པོའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་བྱེད་དགོས། སྲིད་ཇུས་དངོས་འབེབས་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན།
ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་འཐུས་མིས་རྣམ་གླིང་རྫོང་མཁར་རྩེ་ཤང་གི་ཆུ་ལོག་བཅོས་སྒྲིག་ལས་གཞིའི་རྣམ་གྲངས“བྱ་བ་གསོ་སྦྱོང་གི་ཚབ་བྱེད་པ”དང་། ཞང་ཧོ་ཆུ་བེད་ལས་གཞིའི“གཙོ་གནད་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་བསྡུ་ལེན་བྱེད་པ”། རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་པད་ཞིན་ངལ་ནུས་ཡན་ལག་ཀུང་སིའི“རྩ་འཛུགས་ཡོད་པའི་ལས་ཞུགས”སོགས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་གྱི་དཔེ་མཚོན་བྱ་ཐབས་ལ་ལྟ་སྦྱོང་བྱས་ཏེ། དཔེ་མཚོན་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བ་མ་ཟད། ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་རྟེན་གཞི་ཐོག་མ་དེར་སྒོ་བྱང་བཀལ་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བའི་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་བསྡུས།