བོད་ལྗོངས་ཀྱི་ཚན་རྩལ་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ཡིག་གི་དགོངས་དོན་ལ་དོ་སྣང་ཆེན་པོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས29ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོན་ལུང་ཕིང་དང་ཀྲུང་ནན་ཧྲན།  གཡས་ཕེའི་ཅན།  པ་སངས་དབང་འདུས་སོགས་ཚན་རྩལ་ལས་དོན་པའི་འཐུས་མི25ལ་འཕྲིན་ལན་བསྲིངས་ཡོད་པར་རང་ལྗོངས་ཀྱི་ཚན་རྩལ་ལས་དོན་པས་དོ་སྣང་ཆེན་པོ་བྱས་ཏེ།  གསར་འབྱེད་གསར་གཏོད་དང་དཀའ་སྤྱད་འགག་སྒྲོལ་ངང་གསར་གཏོད་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།  ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ།  ཚན་རྩལ་གྱི་རྩེ་མོར་བསྙེགས་པ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་བརྗོད།

སྤྱི་ཚེས29ཉིན།  རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་རིགས་སྨན་པའི་ཞིབ་འཇུག་ཟོའོ་ཡི་ཞིབ་འཇུག་པ་པ་སངས་དབང་འདུས་ལ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་མ་ཐག  འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་བྱས་པ་དང་ཟིན་བྲིས་བརྒྱབ་པ་མ་ཟད་ལས་རོགས་ཚོར་བརྒྱུད་བསྒྲགས་ཀྱང་གནང་ཡོད།  ཁོང་གིས་འབྲོག་ལས་ཚན་རྩལ་ལས་དོན་པ་ཞིག་གི་ངོས་ནས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་འགག་རྩའི་ལག་རྩལ་ཐད་འགག་སྒྲོལ་ཡོང་བ་བྱས་ནས།  བོད་ཀྱི་འབྲོག་ལས་ཕྱོགས་འགྱུར་ཕན་ཆེ་ཡོང་རྒྱུ་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་གསུངས།

ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སློབ་གསོ་ཅུད་ཀྱི་སློབ་དཔྱོད་པ་གྲེན་ཡོའུ་ཐི་ནས།  ང་ཚོས་ཚན་རྩལ་ཤེས་བྱ་དང་ཚན་རིག་དགོངས་པའི་ཁྱབ་སྤེལ་བ་དང་ཚན་རིག་སྙིང་སྟོབས་ཀྱི་དར་སྤེལ་བ།  ཚན་རིག་བྱ་ཐབས་ཀྱི་འབོད་སྐུལ་བ།  དབུལ་གྲོལ་འགག་སྒྲོལ་གྱི་རོགས་འདེགས་པ་བཅས་ཡག་པོ་ཞིག་བྱེད་རྒྱུ་ཡིན་ཞེས་གསུངས།

ད་ལོའི་སྤྱི་ཟླ5བའི་ཚེས30ཉིན་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་བཞི་པ་དེ་ཡིན་པ་དང་།  རང་ལྗོངས་ས་གནས་ཁག་གིས་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་མུ་འབྲེལ་བྱེད་སྒོ་སྤེལ་ཡོད།  བོད་ལྗོངས་ས་བོན་ཐོན་ཁུངས་མཛོད་ཀྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཐོག  རང་ལྗོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་སློབ་ཆེན་སློབ་མ་རྣམས་རྩི་ཤིང་གི་ས་བོན་མཛོད་སོགས་ཚོད་ལྟ་ཁང་ནང་བསྐྱོད་དེ།  ས་གནས་ས་ཐོག་ཏུ་བལྟ་སྐོར་དང་འཆད་ཁྲིད་ཉན་པ་བརྒྱུད་རང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཤེས་རྟོགས་བྱས་ཡོད།

ལྟ་སྐོར་བ་ཡང་གཡན་ཧུང་ནས།  ད་རེས་ཀྱི་སྒོ་དབྱེའི་བྱེད་སྒོར་ཞུགས་པ་བརྒྱུད་ང་ཚོས་མཚོ་བོད་ས་མཐོའི་རྩི་ཤིང་དང་སྲོག་ཆགས།  སྐྱེ་དངོས་ཕྲ་རབས་སྣེ་མང་རང་བཞིན་བཅས་ལ་ཤེས་རྟོགས་བྱུང་བས།  སླད་ཕྱིན་སྐྱེ་དངོས་ཕྲ་རབས་སྣེ་མང་ཅན་ཐད་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།

བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཚའོ་བུང་ཤིའི་ནས།  མཚོ་བོད་ས་མཐོའི་གྲང་ངར་ཆེ་བའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་ཐད་རིག་གཞུང་གི་འདེགས་སྐྱོར་བྱེད་རྒྱུ་དང་བཅོས་སྐྱོང་བྱ་ཐབས་འདོན་རྒྱུའི་ཐད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཁྱབ་གདལ་ལྟེ་གནས་ཞིང་ལས་ཚན་རིག་ཟོའོ་ཡི་ཟོའོ་ཀྲང་མིག་དམར་ཚེ་རིང་ནས།  ཚན་རྩལ་གྱིས་མུ་མཐུད་ཁྲིད་སྟོན་བྱེད་པ་དང་གསར་གཏོད་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རང་ས་ཆའི་འདེབས་འཛུགས་ལ་འཚམས་པའི་ཐོན་མཐོ་ཕན་ཆེའི་ལོ་ཏོག་ལ་ཞིབ་འཇུག་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།