བོད་ལྗོངས་ཀྱིས་མི་འབོར་དབུལ་པོར་སྨན་བཅོས་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་བྱེད་ནུས་ལ་གཞི་བཙུགས་ནས་མི་འབོར་དབུལ་པོར་སྨན་བཅོས་གནད་སྨིན་དབུལ་སྐྱོར་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་ལས་དོན་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཟོས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རང་ལྗོངས་ཀྱིས་སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་སྟོབས་ཤུགས་ཡོད་རྒུས་མེད་པར་བཟོས་ཤིང་། 2016ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་6.33ལ་གནད་སྨིན་སྐྱོབ་བཅོས་བྱས་པ་དང་། སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་ལས་དོན་སྤེལ་ཚུན། རང་ལྗོངས་སུ་ཕྱོགས་ཡོངས་ནས་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཡོངས་སུ་ཁྱབ་པ་མ་ཟད། འགན་བཅོལ་ནང་ཞུགས་པར་བབ་མཚུངས་ཀྱི་རོགས་སྐྱོར་ཡང་བྱས་ཡོད། དེའི་ནང་ཞིང་འབྲོག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་མི་སྣ། དྭ་ཕྲུག མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་བཅས་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་སྤྲོད་པར་ཁ་གསབ་ཆ་ཚང་སྤྲད་པ་དང་། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་སྒེར་གྱིས་འགྲོ་སོང་གཏོང་བར་གྲངས་བཅད་རོགས་སྐྱོར་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་ཆེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་བསྡུར་ཚད་5%མཐོ་རུ་བཏང་ནས་ནད་ཆེན་འགན་བཅོལ་ཐད་དངུལ་སྤྲོད་ཚད་གཞི་50%དམའ་རུ་བཏང་བ་དང་། རྩིས་ཞུའི་བསྡུར་ཚད་5%མཐོ་རུ་བཏང་བ། ཚད་གྲངས་མཐོ་ཤོས་མེད་པར་བཟོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།