ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མཚོ་བོད་དང་ཁྲོན་བོད་དྲ་སྦྲེལ་གྱི་ལོ་འཁོར་མོའི་ཞིབ་བཤེར་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། བོད་ལྗོངས་གློག་དྲ་བདེ་འཇགས་བརྟན་པོའི་ངང་འཁོར་སྐྱོད་དང་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་རྨང་གཞི་གལ་ཆེན་བཏིངས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ལོ་འཁོར་མོའི་ཞིབ་བཤེར་གྱི་དུས་ཡུན་ཉིན42ཡིན་པ་དང་ཁྱོན་ཞིབ་བཤེར་ནང་ཞུགས་མཁན་ཚན་པ30དང་མི་ཐེངས500ཟིན་ཞིང་། རིགས་ཁག་གི་ཞིབ་བཤེར་ཉམས་གསོའི་རྣམ་གྲངས་ཁྲི2ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་སྐྱོན་ཆ་རིགས་མི་འདྲ་བ་ཁག 2300སེལ་ཡོད། ལོ་འཁོར་མོའི་ཞིབ་བཤེར་དེ་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཞིབ་བཤེར་ཉམས་གསོ་ཀུང་སིས་ཞིབ་ཕྲའི་ལག་བསྟར་བྱས་ཤིང་། མཚོ་བོད་དྲ་སྦྲེལ་ལས་གཞི་འཁོར་སྐྱོད་བྱས་ཚུན་གྱི་ཞིབ་བཤེར་ཉམས་གསོ་བྱེད་ཐེངས་དགུ་པ་དེ་ཡིན་པ་དང་། ཁྲོན་བོད་དྲ་སྦྲེལ་ལས་གཞི་འཁོར་སྐྱོད་བྱས་ཚུན་གྱི་ཞིབ་བཤེར་ཉམས་གསོ་ཐེངས་གསུམ་པ་དེ་ཡིན། རང་ལྗོངས་ལ་ཆུ་གློག་དང་ཉི་ནུས་སོགས་དྭངས་གཙང་ནུས་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཁབ་ཀྱི་ནུབ་གློག་ཤར་སྐྱེལ་གྱི་སྦྲེལ་མཐུད་རྟེན་གཞི་དང་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་ལོ་འཁོར་མོའི་ཞིབ་བཤེར་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་དེས་ལོ་འཁོར་མོའི་བོད་གློག་ཕྱིར་སྐྱེལ་ལ་བློས་འཁེལ་གློག་ལམ་འགན་སྲུང་ཐུབ་རྒྱུ་དང་། བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་གཞོགས་འདེགས་དང་ནུས་རྒྱུ་སྲི་ཚགས། བཙོག་སྐྱོན་ཉུང་གཏོང་ལ་སྐུལ་སྤེལ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2015ལོར་ཐོག་མར་གློག་ཤུགས་ཕྱིར་སྐྱེལ་བྱས་ཚུན་བོད་ལྗོངས་གློག་དྲས་སྤྱི་ལོ2019ལོའི་ལོ་མཇུག་བར་ཁྱོན་གློག་ཤུགས་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར48ཙམ་ཕྱིར་སྐྱེལ་བྱས་པ་དང་། ད་ལོའི་ལོ་མཇུག་བར་བོད་གློག་ཕྱིར་སྐྱེལ་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར16བྱེད་ཐུབ་བཟོ་ཡོད།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་གློག་དྲས་ན་ནིང་ལོ་མཇུག་བར་ཁྱོན་གློག་ཤུགས་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར48ཙམ་ཕྱིར་སྐྱེལ་བྱས།