བོད་ལྗོངས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་བར་མུ་མཐུད་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས27ཉིན།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་སྙན་ཞུར་ཉན་པ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད།  རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་ལྗོངས་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀར་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཧོ་ཝུན་ཧའོ་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་ཅིང་།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲང་ཧུང་པོ་དང་ཧྲེ་ཧྭ་ཇལ་རྣམ་གཉིས་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་གྱིས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་།  རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་པའི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་རྒྱབ་ལྗོངས་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག  རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྙིང་དོན་ཁོང་དུ་ཆུད་པ་བྱས་ཏེ་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ནས་བརྟན་པོ་དྲུག་དང་འགན་སྲུང་དྲུག་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།  བསམ་བློའི་ཐད་ལྷོད་གཡེང་མེད་པར་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་དང་གལ་ཆེའི་གནས་འབབ་ལ་གཞི་ཚུགས་ཏེ།  བོད་ཀྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་སྟངས་འཛིན་ཏན་ཏིག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་།  ཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པ།  ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བར་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ།  སྤྱི་ཡོངས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཆུང་དུ་མི་གཏོང་བ།  བདེ་འཇགས་སྲུང་སྐྱོང་གི་བྱ་ཐབས་བཟུང་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱེད་དགོས་པ།  དོགས་ཟོན་བྱེད་ཤུགས་ཆུང་དུ་མི་གཏོང་བར་གཙོ་གནད་དོགས་ཟོན་མངོན་ཆེར་འཛིན་པ་དང་ཉེན་བརྡ་བཏང་ནས་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ།  ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་བྱས་ནས་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ཏན་ཏིག་བྱེད་དགོས་པ།  དོ་དམ་ཚོད་འཛིན་བྱེད་ཤུགས་ཆུང་དུ་མི་གཏོང་བར་ནད་ཡམས་རྒྱུན་རྣམ་ཅན་གྱི་འགོག་ཟོན་ལ་གཅིག་འགྱུར་འཆར་འགོད་བྱས་ཏེ་འགོག་ཟོན་ལས་ཀར་སྐུལ་འདེད་གཏོང་བ་དང་།  ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།