​འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་དོན་སྣོད་བཅུད་ཤེས་དཔལ་ལ་སྣང་ཆེན་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་དུས་རབས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་འགག་རྩའི་ལྷུ་ཚིགས་དང་ནང་དོན་གལ་ཆེན་ཞིག་རེད།

མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པའི་གཞི་རིམ་ལས་བྱེད་པ་ཞིག་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རྒྱལ་མཚན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་པ་རེད།

“ཉེ་བའི་ལོ་ཤས་རིང་། རི་བོ་སྔོ་ཐིང་ཐིང་དང་ཆུ་མོ་དྭངས་ཤིང་གཙང་བར་གྱུར་ཞིང་། གྲོང་མིའི་སྡོད་ཁང་གྲལ་སྟར་སྒྲིག་ལ་རྒྱབ་མདུན་ཚང་མར་གཙང་ལ་གྲལ་འགྲིག་པ་སོགས་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་ལས་ཚང་མའི་སེམས་པ་སྐྱིད་དུ་ཕྱིན་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས།

ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་སྣོད་བཅུད་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་ཆེད། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཧུར་ཐག་སྤེལ་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཞན་ཆ་གང་མགྱོགས་སེལ་ཡོད་པ་རེད།

བཀྲ་ཤིས་རྒྱལ་མཚན་གྱིས། གཅིག་ནས“གསང་སྤྱོད་གསར་བརྗེ”དང་། ཞིང་འབྲོག་ཁུལ་གྱི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་དང་སྒྱུར་བཀོད། དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་བཅས་ཧུར་ཐག་བྱས་པ་དང་། གཉིས་ནས་གཅིག་སྡུད་ཐོག་ཆུ་ཡུར་དང་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་གད་སྙིགས་གཙང་ཕྱགས་ཀྱིས་གྲོང་གསེབ་ཏུ་གཙང་སྦྲའི་བྱེད་སྒོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཧུར་ཐག་སྤེལ་བ། གསུམ་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཚོད་ལྟ་བྱས་ཏེ་འཚོ་བའི་གད་སྙིགས“དུད་ཚང་གིས་གཙང་ཕྱགས་བྱེད་པ་དང་། གྲོང་ཚོས་བསྡུ་རུབ་བྱེད་པ། ཤང་གིས་དབོར་བ། རྫོང་གིས་གཙང་སེལ་བྱེད་པ”བཅས་ཀྱི་གཙང་སྦྲའི་བསྡུ་འདྲེན་མ་ལག་བཙུགས་ཏེ་གྲོང་ཚོ(གྲོང་ལྷན)ཚང་མས་སྣོད་བཅུད་ལས་གནས་ཁྲོད་ནས་གཙང་སྦྲ་བྱེད་མཁན་གཅིག་ནས་གཉིས་བར་བཀོད་སྒྲིག་བྱས་ཏེ་གཙང་སྦྲའི་འགན་འཁུར་དུ་བཅུག་པ། བཞི་ནས་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ《གྲོང་སྲོལ་དམངས་ཆིངས》སོགས་གྲོང་མིའི་རང་སྐྱོང་ལམ་ལུགས་ནང་བཅུག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ཡོད་ཅེས་གསུངས་པ་རེད།

བཀྲ་ཤིས་རྒྱལ་མཚན་གྱིས“སྣོད་བཅུད་ཡག་པོ་བྱུང་ན་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་གཞི་ནས་མངོན་འགྱུར་ཡོང་ཐུབ། གོམ་སྟབས་རྗེས་མར། ང་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག གྲོང་གསེབ་བཅོས་སྐྱོང་བཅས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་དང་སྣོད་བཅུད་དམངས་ཕན་དང་། སྣོད་བཅུད་དམངས་བདེ། སྣོད་བཅུད་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ཏེ་སྡོད་མལ་ཁོར་ཡུག་བཟང་པོ་གཏོད་པའི་སྒུལ་ཤུགས་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།