དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར། གྲོང་མིའི་གདོང་ནས་འཛུམ་མདངས་ནི་འཕྱུར།

—— བོད་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་གྱི་སྐོར་བཀོད་པ།

གླེང་གཞི།

བོད་ལྗོངས་ཀྱིས་2015ལོ་ནས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་འགོ་བཙུགས་ཚུན། སྔ་རྗེས་སུ་རྫོང་27གྱིས་ཕྱོགས་བསྡུས་དཔེ་སྟོན་གྱི་ལས་དོན་སྤེལ་ཞིང་། རིམ་རྩིས་བྱས་ན་རོགས་དངུལ་སྒོར་དུང་ཕྱུར་4.49བཏང་བས་ས་གནས་དེ་གའི་ཟོག་འགྲེམས་ལས་རིགས་དང་ཡུལ་སྐོར་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

མིག་སྔར་ས་གནས་ཁག་གི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་བསྟུན་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དེ་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་འཁོར་རྒྱུག་ཆུ་ཚད་མཐོ་རུ་དང་། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡངས་སུ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

དྲ་ཐོག་ཚོང་དོན་གྱི་མ་ལག་ཐོག་མར་གྲུབ་པ།

2019ལོར་རྫོང་ཚན་པར་བྱས་པའི་དཔེ་སྟོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་མ་དངུལ་སྒོར་དུང་ཕྱུར་3གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་་ལྗོངས་ཡོངས་ཀྱིས་སྐུལ་འདེད་གཏོང་བའི་རྣམ་པར་བརྟེན་ནས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་ཏེ། ཕྱོགས་བསྡུས་དཔེ་སྟོན་བྱས་པས་ལོ་1ནས་2རིང་དྲ་ཐོག་ཞབས་ཞུ་ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁྱབ་ཡོད།

མིག་སྔའི་བར་ལྗོངས་ཡོངས་སུ་རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་26དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་127 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་380བཅས་བཙུགས་ཏེ་མང་ཚོགས་ཚོར་དྲ་ཐོག་ཚོང་ཁང་744འཛུགས་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱས་པ་དང་། དྲ་ཚོང་ཞིང་ཞོར་ཐོན་རྫས་1432གསར་སྣོན་བྱས་པ། རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་དུ་དྲ་རྒྱའི་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་2.6བྱུང་བ་དང་དྲ་ཐོག་ཉོ་སྒྲུབ་མ་དངུལ་སྒོར་དུང་ཕྱུར་2.9ཟིན་ཏེ་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་མ་ལག་ཅིག་ཐོག་མར་གྲུབ་ཡོད།

གྲོང་གསེབ་དར་རྒྱས་ཆེད་སྒུལ་ཤུཌ་བསྣན་པ།

ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་སྐབས་དང་པོའི་དྲ་ཐོག་ཚོང་དོན་གྱི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། གསོ་སྦྱོང་ནང་མེ་ཏོག་རྫོང་གི་དྲ་ཐོག་ཚོང་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། རྫོང་ཐད་གཏོགས་ཚན་པའི་འགན་འཁུར་བ། ཤང་དང་གྲོང་རྡལ་ཁག་གི་ཏང་ཡོན་ལས་བྱེད་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། རྫོང་གི་ཁེ་ལས་དང་དེ་བཞིན་མཉམ་ལས་ཁང་གི་འཐུས་མི་སོགས་ཚུད་པའི་ཁྱོན་བསྡོམས་མི་100ལྷག་ཙམ་ཞུགས་ཡོད།

མེ་ཏོག་རྫོང་གི་རྫོང་དཔོན་གཞོན་པ་ཝང་པིན་གྱིས“མེ་ཏོག་རྫོང་གིས་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་གཉེར་བའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་སྐབས་དང་པོ་འཚོགས་པ་ནི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཚོལ་ཞིབ་དང་འཕེལ་རྒྱས་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འཚོགས་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པས། མེ་ཏོག་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད།

དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་སོང་བ།

ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སིའི་འགན་འཁུར་བས“ང་ཚོས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྣང་རྫོང་གི་གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་ལ་ཆ་མཚོན་ན་ཁོང་ཚོར་སྦྲག་སྲིད་དངུལ་ཁང་ཉིང་ཁྲི་ཉིང་ལག་དངུལ་ཁང་ནས་སྒོར་ཁྲི་270ཡི་ཆེད་ལས་མཉམ་ལས་ཁང་གི་དངུལ་བུན་རག་རྗེས། ཐོན་ནུས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ‘སྦྲག་སྤྲོའི་དྲ་ཚིགས’ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་སྤྱད་ནས་རྒྱལ་ཡོངས་སུ་ཐོན་རྫས་བྲིན་ཚོང་བྱས་པས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་ཤུགས་ཆེན་སོང་ཡོད”ཅེས་བརྗོད།

ཉེ་བའི་ལོ་ཤས་ཚུན་དུ་བོད་ཀྱི་ཞིང་འབྲོག་ཁུལ་དུ་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཕེལ་རྒྱས་སོང་ཡོད། འོན་ཀྱང་བོད་ནི་ས་རྒྱ་ཆེ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་ཐག་རིང་བ་སོགས་རྒྱུ་རྐྱེན་གྱི་ཚོད་འཛིན་དང་ཤུགས་རྐྱེན་ཕོག་སྟབས། ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་འཁོར་རྒྱུག་གི་མ་གནས་མཐོ་བ་དང་ཚོང་ཟོག་མཁོ་སྤྲོད་ཀྱི་ནུས་པ་མི་འདང་བ་སོགས་ཀྱི་གནས་ཚུལ་ཧ་ཅང་མང་པོ་ཡོད་ལ་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ཏུ་དེ་བས་མངོན་གསལ་དོད་པོ་ཡོད།

རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ཚོང་དོན་འཁོར་རྒྱུག་གི་ཕྱོགས་བསྡུས་ཚོད་ལྟ་བྱས་ཏེ། ཞིང་འབྲོག་ཁུལ་གྱི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་དང་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཚོང་དོན་དངོས་ཟོག་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་ཀྱི་དགོས་མཁོ་ནུས་ལྡན་བསྐངས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།