བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་སྐོར་གླེང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་དེ་ད་ལོའི་སྤྱི་ཟླ5བའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་པ་དང་།  དེའི་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་བསྐྱོད་པ་མཚོན་གྱི་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མངའ་རིས་ས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའི་དེ་སྔའི་ཀྲོན་ཡོན་ཕུན་ཚོགས་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཅེས་པའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས།

མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལ་ཐོབ་པའི་གྲུབ་འབྲས་ནི་ཚང་མས་མཐོང་གསལ་ཞིག་ཡིན་ཏེ།  སྒར་རྫོང་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པར་བདམས་པ་དང་།  སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ཁག་ལྔ་པར་བདམས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་ནས།  ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལས་ཀར་དམ་འཛིན་ཡག་པོ་བྱས་ནས།  ཐབས་བརྒྱ་ཇུས་སྟོང་ངང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གཏོད་དེ།  དར་དམར་གྲོང་ཚོར་ཡོང་མཁན་མི་རིགས་ཁག་གི་སྤུན་ཟླ་ཚང་མར་རང་ཉིད་ཀྱི་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་བྱེད་ཀྱི་ཡོད་ཅེས་གསུངས།

སྐལ་བཟང་སྒྲོལ་དཀར་ནས་ང་ཚོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་ལས་བྱེད་པ་གསོ་སྐྱོང་དང་རྨང་གཞིའི་རྩ་འཛུགས་སྟོབས་ཆེར་སྐྲུན་ཐོག  མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ལྔ་དང་ཁ་བྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་ཆེ་རུ་བཏང་ནས་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་གི་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།