འཐུས་མི་དང་ཨུ་ཡོན་རྣམ་པས་འཕྲིན་ཕྲན་སྟེགས་བུ་བརྒྱུད་འགན་བབས་ལས་དོན་ཏན་ཏིག་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་།  འཕྲིན་ཕྲན་གྲོགས་ཚོམས་བརྒྱུད་འགན་བབས་ལས་ཕྱོད་མཐོ་རུ་གཏོང་རྒྱུ་ནི་འཐུས་མི་དང་ཨུ་ཡོན་རྣམ་པའི་འགན་སྒྲུབ་བྱེད་སྟངས་གསར་པ་ཞིག་ཏུ་གྱུར་ཡོད་པ་དང་།  ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་སྐབས་སུ་ཚོགས་པ་ཞིག་ཡིན་པས།  འཐུས་མི་དང་ཨུ་ཡོན་རྣམ་པའི་གྲོགས་ཚོམས་དེ་ཁོང་རྣམ་པས་འགན་སྒྲུབ་སྤེལ་རེས་བྱ་ཡུལ་བཟང་པོ་ཞིག་ཏུ་གྱུར་ཡོད།

སྤྱི་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ཟབ་མཆོར་སྤྲས་ཏེ་འཐུས་མིའི་བགྲོད་ལམ་ཞེས་པའི་དྲ་ཐོག་བཅར་འདྲི་བརྒྱུད་ཕ་ཡུལ་མེ་ཏོག་རྫོང་གི་གོང་འཕེལ་དང་འགྱུར་ལྡོག་ངོ་སྤྲོད་གནང་ཡོད།  ཕྱི་དྲོའི་ཚོགས་ཆེན་གྲོལ་རྗེས་བཞུགས་གནས་སུ་ཕེབས་ཏེ་འཕྲིན་ཕྲན་ལ་གཟིགས་སྐབས།  རང་ཉིད་ནས་བཅར་འདྲི་དང་ལེན་གནང་བའི་བརྙན་ཐུང་དེ་འཕྲིན་ཕྲན་གྲོགས་ཚོམས་ནང་བརྒྱུད་བསྐུར་ཐེངས་མང་བྱས་ཡོད་པ་མཁྱེན་པ་རེད།  སྐལ་བཟང་བདེ་སྐྱིད་ཀྱིས།  འཕྲིན་ཕྲན་གྱི་ཁྱབ་སྤེལ་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པས།  རྒྱལ་ཡོངས་མི་དམངས་ཀྱིས་ངའི་ཕ་ཡུལ་མེ་ཏོག་ལ་རྒྱུས་མངའ་མགྱོགས་པོ་ལོན་ཐུབ་རྒྱུ་རེད་ཅེས་གསུངས།

འཕྲིན་ཕྲན་སྟེགས་བུ་བརྒྱུད་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་རྒྱུར་སྟབས་བདེ་ཆེན་པོ་སྐྲུན་ཡོད།  སྲིད་གྲོས་ཨུ་ཡོན་སྤེན་པས་ཀྱང་འཕྲིན་ཕྲན་བརྒྱུད་ཁོང་གི་གྲོགས་པོ་རྙིང་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལུང་སྨོ་དང་ད་ལོའི་སྤྱི་ཚོགས་ཕན་བདེའི་འགན་སྲུང་ལས་རིགས་ཀྱི་མཉམ་འབྲེལ་གྲོས་གཞིའི་ཐད་གྲོས་བསྡུར་གནང་བཞིན་ཡོད།

ཉེ་བའི་ལོའི་རིང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་འཕྲིན་ཕྲན་གྲོགས་ཚོམས་བརྒྱུད་འགན་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད་པ་དང་།  རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཚོགས་རིང་རྒྱལ་ཡོངས་ས་ཆ་ཁག་ནས་ཕེབས་པའི་འཐུས་མི་དང་ཨུ་ཡོན་རྣམ་པས་འཕྲིན་ཕྲན་བརྒྱུད་དམངས་འཚོའི་ཕན་པ་ཆེ་རུ་གཏོང་རྒྱུའི་ཐད་གྲོས་བསྡུར་གནང་གི་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་ནས།  ངས་ལོ་གཉིས་ལྷག་གི་འགན་སྒྲུབ་དུས་ཚོད་ནང་ལྗོངས་ཕྱིའི་འཐུས་མི་མང་པོ་ངོ་ཤེས་བྱུང་།  ཁོང་ཚོ་དང་འཕྲིན་ཕྲན་བརྒྱུད་གྲོང་གསེབ་དར་རྒྱས་དང་ཐོན་ལས་གོང་འཕེལ་ཐད་གྲོས་བསྡུར་བྱེད་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀའི་ཉམས་མྱོང་སྤེལ་རེས་བྱེད་ཀྱི་ཡོད་ལ།  ཚོགས་འདུ་གཉིས་ཀྱི་ཐོག་སྤུས་ལེགས་ཀྱི་གྲོས་འཆར་ཇི་ལྟར་འདོན་རྒྱུའི་ཐད་སྤེལ་རེས་ཀྱང་བྱེད་ཀྱི་ཡོད་པས།  རང་ཉིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་རྒྱུར་ཕན་ཆེན་པོ་ཐོགས་ཀྱི་འདུག་ཅེས་གསུངས།

ད་ཆ།  འཐུས་མི་དང་ཨུ་ཡོན་རྣམ་པའི་ལག་ཐོག་ཁ་པར་དེ་ཡུལ་འབབ་དང་དམངས་འདུན་ཤེས་རྟོགས་བྱེད་སའི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་ནས།  བོད་ལྗོངས་ཀྱི་འགྱུར་ལྡོག་གནས་ཚུལ་རྒྱལ་ཡོངས་ས་ཆ་ཁག་ལ་དྲིལ་བསྒྲགས་མགྱོགས་པོ་ཐུབ་ཀྱི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།