ནོར་བུ་དོན་གྲུབ་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་། དིང་རི་རྫོང་བཅས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་གཞིས་རྩེ་གྲོང་ཁྱེར་དང་ལྷག་པར་དུ་དིང་རི་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་དམིགས་ཚད་དམ་པོར་བཟུང་བ་དང་། ཆོད་སེམས་བརྟན་དུ་གཏོང་བ། ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་པ་དང་། ལས་ཞུགས་སྔོན་ལ་ཐག་གཅོད་བྱ་རྒྱུ་དང་འབབ་འཕར་རང་བརྟེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་སྐོར་གྱི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་གནས་རྒྱ་སྐྱེད་གཏོང་བ། ཞིང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ངལ་ནུས་ཕྱིར་གཏོང་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བཅས་བྱས་ནས་གནས་སྤོས་ཡུལ་མི་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་མ་ཟད། ཡུལ་གཞན་དུ་གནས་སྤོས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་གནས་སྤོས་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་བཤད་ནས། མང་ཚོགས་ལ་དབུལ་སྒྲོལ་ཐུབ་རྗེས་ཏང་གི་བཀའ་དྲིན་མ་བརྗེད་པ་དང་ཕྱུག་འགྱུར་བྱེད་འདོད་ན་ནམ་ཡང་ཏང་གི་རྗེས་སུ་འབྲང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།