ད་ལོར་ལྷ་ས་གྲོང་ཁྱེར་གྱིས་ཤང་གྲོང་གི་ནུས་མང་བྱ་འགུལ་ཐང་ཆེན15བསྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ2020ལོའི་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་བྱ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་རྒྱ་མཚོ་ཡིས་བཤད་རྒྱུར། 2019ལོར་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་དམངས་ཡོངས་ལུས་སྦྱོང་བྱ་འགུལ་ལྟེ་གནས9དང་། ཞིང་བའི་ལུས་སྦྱོང་ལས་གཞི་ས་ཚིགས90། དམངས་ཡོངས་ཀྱི་ལུས་སྦྱོང་ས་ཚིགས4། སློབ་གྲྭ་འབྲིང་ཆུང་གི་གཟེབ་དབྱིབས་རྐང་རྩེད་སྤོ་ལོ་ཐང12། རྫོང་རིམ་པའི་སྤྱི་སྤྱོད་ལུས་རྩལ་ཁང2། མི་ལྔའི་ལམ་ལུགས་ཀྱི་གཟེབ་དབྱིབས་རྐང་རྩེད་སྤོ་ལོ་ཐང9བཅས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། ལུས་རྩལ་སྤྱི་གླིང་དང་ལུས་སྦྱོང་བྱ་འགུལ་ལྟེ་གནས3བཙུགས་ཏེ། ལྷ་ས་གྲོང་ཁྱེར་དུ་རིགས་སོ་སོའི་ལུས་རྩལ་ར་བ1195ཡོད་པ་དང་། སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ1261651ཟིན། མི་རེའི་ཆ་སྙོམས་ཀྱི་ལུས་རྩལ་ར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ1.63ཡོད་པས། སྤྱི་སྤྱོད་ལུས་རྩལ་སྒྲིག་ཆས་རིན་མེད་དང་དངུལ་བསྡུ་ཉུང་བའི་སྒོ་ནས་སྒོ་འབྱེད་ཚད100%ལ་སླེབས་ཡོད་ཟེར།

ད་ལོར། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་ལོ་ན་མི་འདྲ་བ་དང་རིམ་པ་མི་འདྲ་བར་འཚམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་བྱ་འགུལ་སྤེལ་ཏེ། “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”དང་ཟུང་འབྲེལ་བྱས་པ་བརྒྱུད། སྡེ་ཁུལ་དང་གྲོང་ཚོ(གྲོང་ལྷན)རུ་སྤྲོ་སྣང་ལྡན་པ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལུས་རྩལ་བྱ་འགུལ་སྤེལ་བ་མ་ཟད། རྫོང(ཆུས)སོ་སོས་རྫོང(ཆུས)གི་ལུས་རྩལ་འགྲན་ཚོགས་ཡག་པོ་སྤེལ་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། རྫོང་རེར་ཉུང་མཐར་ཡང་སྤུས་རྟགས་འགྲན་བསྡུར་གཅིག་ཡོད་པར་ཁག་ཐེག་བྱས། དེ་དང་ཆབས་ཅིག་ད་ལོ་ད་དུང་མུ་མཐུད་དུ་ལྷ་ས་པིན་ཧོ་སྤྱི་གླིང་གི་ལུས་སྦྱོང་རྐང་ལམ་འཛུགས་སྐྲུན་བྱ་བ་ལེགས་པོར་སྒྲུབ་ནས་ཀྲང་ཏ་རིན་ལུས་རྩལ་སྤྱི་གླིང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་མིན་རྫོང་རྒྱབ་ཀླུ་ཁང་གི་དམངས་ཡོངས་ལུས་སྦྱོང་དཔེ་སྟོན་ས་ཚིགས་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། ཤང་གྲོང་གི་ནུས་མང་བྱ་འགུལ་ཐང་ཆེན15དང་། དམངས་ཡོངས་ལུས་སྦྱོང་བྱ་འགུལ་ལྟེ་གནས1། རྫོང་རིམ་པའི་སྤྱི་སྤྱོད་ལུས་རྩལ་ཐང2། མི་ལྔ་ཅན་གྱི་གཟེབ་དབྱིབས་རྐང་རྩེད་སྤོ་ལོའི་ཐང10། སློབ་གྲྭ་འབྲིང་ཆུང་གི་གཟེབ་དབྱིབས་རྐང་རྩེད་སྤོ་ལོའི་ཐང19། རི་འཛེག་རྐང་ལམ3སོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མི་རྣམས་ཀྱི་ལུས་སྦྱོང་གི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དེ་རྒྱལ་ཡོངས་ཀྱི་ལུས་རྩལ་ཐོན་ལས་འབྲེལ་གཏུགས་ས་ཚིགས་དང་། ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་ཐོན་ལས་གླིང་ཁུལ་གྱི་ལྟེ་གནས་ཡིན་པའི་ཆ་ནས། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐོན་ལས་ཀུན་གཏོད་བར་མཐོངས་ཧུར་ཐག་གིས་བཏོད་དེ། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཕིང་ཕང་སྤོ་ལོ། ཝང་ཆིའུ་སྤོ་ལོ། ཆུ་རྐྱལ་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་དམངས་ཕན་ཞབས་ཞུར་རིམ་བཞིན་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།