བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་མཛད་སྒོར་ལྟ་ཉན་བྱས།

d7a04157-71e0-467d-8b25-742247dcd940.jpg.1.jpg

འདི་ནི་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་དོན་གཅོད་ཁྲུའུ་སྐྱིད་འཕེལ་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་གྱི་ཐད་གཏོང་ལྟ་ཉན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས22ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་ལས་བྱེད་མང་ཚོགས་ཚོས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་ནས་ཚོགས་ཆེན་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་ཉན་པ་རེད། ཚོགས་འདུ་གྲོལ་རྗེས་ཚང་མས་གྲོས་བསྡུར་འཁྲུག་པོ་བྱས་པ་དང་། མྱོང་ཚོར་གཅིག་མཇུག་གཉིས་མཐུད་ངང་གླེང་བ་མ་ཟད། བསམ་ཚུལ་ཡང་ལྷུག་པོར་གླེང་བ་རེད།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཀྱིས“གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་རང་ཉིད་ཀྱིས་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཚད་གཞིར་འཛིན་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་གྲུབ་འབྲས་ཐོག་ནས་ཚོགས་འདུའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཡག་པོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ད་ལྟའི་དམངས་ཕན་སྲིད་ཇུས་ལས་ང་ཚོའི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་སོང་། དེ་གོང་རང་ཉིད་ལ་དཔུང་ཚིགས་ཀྱི་གཉན་ཚད་དང་རུས་འཛེར་གྱི་ནད་ཕོག་ནས་སྨན་ཁང་དུ་སྡོད་དགོས་བྱུང་། རྒྱལ་ཁབ་ཀྱིས་རང་ཉིད་ལ་སྨན་རིན་སྒོར་4500རྩིས་ཞུ་བྱས་བྱུང་བས་དཔལ་འབྱོར་གྱི་ཁུར་པོ་དངོས་གནས་ཡང་དུ་ཕྱིན་སོང”ཞེས་སྣང་རྫོང་སྣང་གྲོང་རྡལ་སྐྱིད་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བག་གྲོས་སེམས་འགུལ་ཐེབས་བཞིན་དུ་བརྗོད།

གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་ཀྲའོ་ཅི་རུང་དང་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲན་ཀྲང་ཀའོ་ཧུའེ་ཧའེ་གཉིས་པོས“བོད་ཀྱི་མཐའ་མཚམས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་དམིགས་བསལ་དོན་སྙིང་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། མཐའ་མཚམས་ལ་ལེགས་སྐྱེས་འབུལ་བའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མཐའ་མཚམས་དང་རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་ཐོག་འགག་སྒོའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།