བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་གིས་བདེ་འཇགས་འགོག་སྲུང་ནུས་ཤུགས་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་རིག་དངོས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་རིག་དངོས110ལྷག་གི་སྲུང་སྐྱོང་བེད་སྤྱོད་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་པ་དང་། རིག་དངོས་སྲུང་སྐྱོབ་སྡེ་ཁག་སྐོར་ཞིག་གི་འགོག་སྲུང་ནུས་ཤུགས་སྔར་ལས་མཐོར་འདེགས་བྱུང་སྟེ། རིག་དངོས་གནའ་རྫས་ལ་སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་བྱས། 

རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་དང་ར་མོ་ཆེའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་ཁྲི1700ལྷག་བཏང་སྟེ། ར་མོ་ཆེའི་རྒྱ་ཕིབས་འོག་གི་བྱ་འདབ་དང་། སྤེན་གྱང་། གསེར་ཆུ་བྱུག་པ་སོགས་ཁོངས་གཏོགས་རིག་དངོས་སྒྲིག་ཆས་ཀྱི་ཉམས་གསོ་ལས་གཞི་ལག་བསྟར་བྱས།

ར་མོ་ཆེ་ནི་ཐང་རྒྱལ་རབས་སྐབས་སུ་བཞེངས་པ་དང་། ར་མོ་ཆེ་དང་གཙུག་ལག་ཁང་གཉིས་ནི་རང་རྒྱལ་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་ཡིན། ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ལྡེབས་རིས་ཉམས་གསོའི་ལས་གཞིར་བསྡོམས་པས་མ་དངུལ་སྒོར་ཁྲི600ཙམ་བཏང་བ་དང་ལས་གཞི་ཧྲིལ་བོ་སྔོན་དཔག་བྱས་པ་ལྟར་ན་ལོ་གཅིག་ནང་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

བོད་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་ལིག་ཧྲི་ཀྲུང་གིས་བཤད་རྒྱུར། 2019ལོར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཀྱི་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར4ལྷག་དངོས་འབེབས་བྱས་ཏེ། ཕོ་བྲང་པོ་ཏ་ལའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་དང་། གུ་གེ་རྒྱལ་བོའི་གནའ་མཁར་ཀྱི་རྗེས་ཤུལ་གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་འགྲེམ་སྟོན། གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་སྐོར་ཞིག་གི་མེ་འགོག་བདེ་འཇགས་གྱི་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གཞི110ཙམ་ལག་བསྟར་བྱས། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བདེ་འཇགས་སྲུང་སྐྱོང་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར4ལས་བརྒལ་བ་དངོས་འབེབས་བྱས་ཏེ། བདེ་འཇགས་འགོག་སྲུང་ལས་གཞི21ལེགས་འགྲུབ་བྱས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་བདེ་འཇགས་སྲུང་སྐྱོང་རྣམ་གྲངས16ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།