བོད་ལྗོངས་ཀྱིས་རི་ཁུལ་ཕྱི་རོལ་འགུལ་སྐྱོད་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན། བོད་ལྗོངས་ཀྱི་རི་ཁུལ་ཕྱི་རོལ་འགུལ་སྐྱོད་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཇོ་མོ་གླང་མའི་རི་འདབས་ཀྱི་དིང་རི་རྫོང་དུ་བསྡུས་པ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་ལས་རྩལ་ཅུའུ་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་ལ་བོད་ལྗོངས་གཞིས་རྩེའི་རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེགས་སྦྱོང་བརྡར་རྟེན་གཞིའི་སྒོ་བྱང་གནང་སྟེ། དེར་བརྟེན་ནས་བོད་ལྗོངས་ཀྱི་རི་ཁུལ་ཕྱི་རོལ་འགུལ་སྐྱོད་འཕེལ་རྒྱས་གསར་བ་བྱུང་བར་སྐུལ་འདེད་གཏོང་རྒྱུ་རེད། 

139069800_15898891895001n.jpg

དུས་རབས20བའི་ལོ་རབས80ནས་བཟུང་། གཞིས་རྩེ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡིས་རི་རྩེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རི་འཛེགས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཐོན་ཁུངས་ཀྱི་ལེགས་ཆ་ཁྱད་ལྡན་ཐོན་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། རི་ཁུལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་ཁྲིད་བྱས་ཏེ། ལུས་རྩལ་གྱི་གནད་འཕིགས་དབུལ་སྐྱོར་དང་རི་ཁུལ་མང་ཚོགས་ཀྱི“རི་ལ་བརྟེན་པའི”གནད་འཕིགས་དབུལ་ཐར་གྱི་རྣམ་པ་ནུས་ལྡན་སྐྲུན་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2018ལོ་ནས2019ལོ་བར། རི་འཛེགས་ཐོན་ལས་ཀྱིས་བོད་ལྗོངས་རི་ཁུལ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི2193སྐྲུན་ནས་ས་གནས་དེའི་བཟའ་བཏུང་དང་། མགྲོན་ཁང་། འགྲིམ་འགྲུལ། ཚོང་ལས་བཅས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས།

གཞིས་ཀ་རྩེའི་རི་འཛེགས་ཕྱི་རོལ་འགུལ་སྐྱོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱ་ཆེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོ་འོག 2019ལོར། བོད་ལྗོངས་ལུས་རྩལ་ཅུའུ་ཡིས་མ་དངུལ་སྒོར་ཁྲི9800བཏང་སྟེ་གཞིས་ཀ་རྩེའི་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེགས་ཐོན་ལས་འཁོར་སྐྱོད་ཞབས་ཞུ་ལྟེ་གནས་དང་བོད་ལྗོངས་གཞིས་ཀ་རྩེའི་བྲག་འཛེག་གྱང་ལྡེབས་འཛུགས་སྐྲུན་བྱས་པ་དང་། ལས་གཞི་དེ་གཉིས་ད་ལོའི་ལོ་མཇུག་སྔོན་དུ་ལེགས་འགྲུབ་འབྱུང་རྩིས་ཡོད།

བོད་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཉི་མ་ཚེ་རིང་གིས་བཤད་རྒྱུར། བོད་ལྗོངས་ལུས་རྩལ་ཅུའུ་དང་གཞིས་ཀ་རྩེ་ཡིས་རི་འཛེགས་ཁོར་སྲུང་གི་ཡུན་རིང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རི་འཛེགས+ཁོར་སྲུང་གི་རྣམ་པ་འཚོལ་ཞིབ་བྱ་རྒྱུ་དང་། རི་འཛེགས+ཐོན་ལས་ཀྱི་འཕེལ་རྒྱས་ལམ་བུའི་རྒྱུན་བསྐྱང་རྒྱུ་ཡིན་པ་མ་ཟད། ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་དང་། རིག་གནས་དང་ལུས་རྩལ་མཉམ་འདྲེས། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་འཕེལ་རྒྱས་སྔར་ལས་ཆེ་བ་དང་། ཁྱབ་གདལ་རང་བཞིན་སྔར་ལས་ཆེ་བ། དོ་སྣང་སྔར་ལས་ཆེ་བ་བཅས་ཀྱི་ལུས་སྦྱོང་སྤྲོ་གསེང་ཚོང་རར་ཞུགས་པར་སྐུལ་འདེད་བཏང་བ་བརྒྱུད། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་དེ་དཔལ་འབྱོར་འཕར་གཞི་གསར་བ་ཞིག་ཏུ་སྐྱེད་སྲིང་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།