ལྷ་སས་ཐང་གའི་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཏེ་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་པ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཟླ་སྨད་བར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་འཛུགས་སྐྲུན་བྱས་པའི་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་སྦྲེལ་ཐག་ཆ་ཚང་ཤོས་ཀྱི་ཐང་གའི་རིག་གནས་སྒྱུ་རྩལ་ཐོན་ལས་གླིང་གི་འཛུགས་སྐྲུན་འཕེལ་རིམ65%ལེགས་འགྲུབ་བྱུང་ཡོད་ཅིང་། ད་ལོའི་ལྷ་སའི་ཞོ་སྟོན་སྐབས་དངོས་སུ་གཉེར་སྐྱོང་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད། རྣམ་གྲངས་དེས་ཐང་གའི་ཐོན་ལས་དང་སྤྲོ་གསེང་རིག་གནས་ཡུལ་སྐོར་གཙོ་བོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ཐང་གའི་རིག་གནས་ཐོན་ལས་ཀྱི་སྤུས་རྟགས་བཏོད་ནས་ཀྲུང་གོའི་ཐང་གའི་རིག་གནས་རྩེ་གྲ་དང་། ཐང་གའི་རིག་གནས་གསར་གཏོད་ཐོན་ལས་རྩེ་གྲ དེ་བཞིན་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ལྡན་མཚོན་རྟགས་གསར་པ་བཅས་སུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་ཐང་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཐང་ག་གསར་བཞེངས་ལས་རིགས་སློབ་གསོ་ལྟེ་གནས་དང་། ཐང་གའི་སྒྱུ་རྩལ་གསོ་སྦྱོང་གི་སྒྲིག་གཞི། ས་ཁུལ་དབུལ་པོར་ཐང་གའི་གསོ་སྦྱོང་སློབ་གྲྭ་བཅས་བཙུགས་ནས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་ཀྱང་བྱ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་ཐོན་ལས་ཀྱིས་རིག་གནས་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པའི་རྣམ་གྲངས་འབོར་ཆེན་ཞིག་ཐོན་ཡོད། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དེ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན(ཚོད་ལྟ)གླིང་དུ་གྱུར་ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་གྲུ་ཁྲི2ལྷག་ཙམ་ཟིན་པའི་ཐང་གའི་རིག་གནས་སྒྱུ་རྩལ་ཐོན་ལས་གླིང་དེ་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་དུ་གནས་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཐང་གའི་རིག་གནས་སྒྱུ་རྩལ་ཐོན་ལས་གླིང་རྣམ་གྲངས་ཀྱིས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱེད་པའི་རྨང་གཞིའི་ཐོག ཐང་གའི་སྒྱུ་རྩལ་བརྩམས་ཆོས་དང་། ལས་སྣོན། འགྲེམས་སྟོན། ཕྱིར་ཚོང་། ཟབ་སྦྱོང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་ཏེ། སྤྲོ་གསེང་ཡུལ་སྐོར་དང་། སློབ་གསོ་གསོ་སྦྱོང་། ཐང་གའི་སྒྱུ་རྩལ་བཅས་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་གླིང་གི་རྣམ་གྲངས་ཆེ་གྲས་གཉེར་ཡོད་པ་རེད། གླིང་ཁུལ་དེས་བོད་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་དང་ཐང་གའི་རྟེན་རྫས་བཤམས་མཛོད་ཁང་ལྟེ་བར་བྱས་ནས་ཐང་ག་འབྲི་བཞེངས་སློབ་དཔོན་ཆེན་མོའི་ལས་དོན་ཁང་དང་། ཐང་ག་འགྲེམས་སྟོན་དང་བྲིན་ཚོང་ལྟེ་གནས། གསར་གཏོད་ལས་རིགས་སློབ་གསོ་ལྟེ་གནས། ཐང་གའི་ཐོན་རྫས་ཀྱི་དྲ་སྦྲེལ་ཉོ་ཚོང་ལས་སྟེགས། ས་ཁུལ་དབུལ་པོའི་ཐང་གའི་གསོ་སྦྱོང་སློབ་གྲྭ ལུགས་མི་འདྲ་བའི་ཐང་གའི་རིག་གནས་འགྲེམས་ཁུལ་དང་ཚོང་ལས་ཁུལ། དེ་བཞིན་ལེ་ལག་ཚང་བའི་ཟོག་འགྲེམས་ལྟེ་གནས་དང་གཉེར་སྐྱོང་དོ་དམ་སོགས་བྱེད་ནུས་ཁུལ་མང་པོ་བཙུགས་ཡོད་པ་རེད། 

གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་གླིང་ཁུལ་དེའི་ཐང་གའི་ཐོན་སྐྱེད་གཉེར་ཚོང་ཁེ་ལས་དང་མི་སྒེར་གྱི་བཟོ་ཚོང་དུད་ཚང་གི་བསྡོམས་འབོར་བརྒྱ་ལྷག་ཙམ་ཟིན་རྒྱུ་དང་ཐང་ག་འབྲི་བཞེངས་བྱེད་མཁན་དང་ལས་མི་ཆིག་སྟོང་ལྷག་ཙམ་ཟིན་རྒྱུ་རེད། ས་གནས་དེ་གའི་རྩེར་སོན་ཐང་གའི་ལོའི་ཐོན་ཚད་བརྒྱ་ཡན་ཟིན་ཏེ་ཐང་གའི་ཐོན་རྫས་རིན་ཐང་སྒོར་ཁྲི་སྟོང་ཡན་ཟིན་ནས་སྟོབས་ཤུགས་ལྡན་པའི་ཐང་གའི་ཐོན་སྐྱེད་ཁེ་ལས་དང་ཤུགས་རྐྱེན་ཆེ་བའི་ཐང་གའི་རིག་གནས་སྤུས་རྟགས་སྐོར་གཅིག་ཆགས་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།