མངའ་རིས་ས་ཁུལ་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་བྱ་ཐབས་གསར་བ་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མངའ་རིས་ས་ཁུལ་སྲིད་འཛིན་གཞུང་ལས་ཁང་གིས《མངའ་རིས་ས་ཁུལ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལག་བསྟར་བྱ་ཐབས(ཚོད་ལྟ)》(གཤམ་དུ《བྱ་ཐབས》ཞེས་བརྗོད་རྒྱུ་ཡིན་པ)ཞིབ་འཇུག་གཏན་འབེབས་བྱས། གཏན་འབེབས་ལྟར་ན། མངའ་རིས་ས་ཁུལ་གྱིས་ཁྱབ་ཁོངས་གཅིག་གྱུར་དང་། དངུལ་བསྡུ་སྲིད་ཇུས། འགན་སྲུང་ཐོབ་ཐང་། སྨན་བཅོས་འགན་བཅོལ་དཀར་ཆགས། གནས་ཁེལ་དོ་དམ། མ་དངུལ་དོ་དམ་གྱི་དོ་དམ་རྣམ་པ་དང་ཞབས་ཞུ་བྱེད་ནུས་མཐོར་འདེགས་གཏོང་བའི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་མཁར་གྲོང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དེ་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སུ་བསྒྱུར་རྒྱུ་རེད།

《བྱ་ཐབས》ལས་བསྟན་དོན། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཁོངས་གཏོགས་ས་ཁུལ་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ། ཁྱབ་ཁོངས་ནི་མངའ་རིས་ས་ཁུལ་གྱི་ཐེམ་ཐོ་ཡིན་ཞིང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲོད་ཞུགས་མེད་པའི་མཁར་གྲོང་གི་སྡོད་དམངས་ཡིན། མངའ་རིས་ས་ཁུལ་སྲིད་འཛིན་ཆུས་མངའ་ཁོངས་ཀྱི་སློབ་སྔོན་སློབ་གསོའི་བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། བོད་ལྗོངས་འཛིན་གྲྭའི་སློབ་མ་དང་རིགས་སོ་སོའི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། ལག་རྩལ་ལས་བཟོ་བའི་སློབ་གྲྭ། ལྗོངས་ཕྱི་རོལ་གྱི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་སོགས་སློབ་གྲྭའི་སློབ་མའི་ཐེམ་ཐོ་ཡོད་སའི་འགན་བཅོལ་ཁྲོད་ཞུགས་རྒྱུ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་ཁེལ་དང་མཐུན་པའི་མི་སྣ་གཞན་དག་འདུས། འགན་བཅོལ་ཁྲོད་ཞུགས་པའི་མི་སྣས་དུས་མཉམ་དུ་གྲོང་ཁྱེར་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཁྲོད་ཞུགས་མི་རུང་ལ། ལམ་ལུགས་ལས་བརྒལ་བའམ་གཅིག་གྱུར་ས་ཁུལ་བརྒལ་ཏེ་ཡང་བསྐྱར་སྨན་བཅོས་འགན་བཅོལ་ཁྲོད་ཞུགས་ཏེ་ཐོབ་ཆ་ལོངས་སྤྱོད་བྱེད་མི་རུང་།

གཞན་ཡང་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཁར་གྲོང་སྡོད་དམངས་ཀྱི་གནད་ལྕི་མོའི་འགན་བཅོལ་སྲིད་ཇུས་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་བྱེད་བཞིན་ཡོད་དེ། གཞི་རྩའི་སྨན་བཅོས་འགན་བཅོལ་རྩིས་སྤྲོད་བྱས་རྗེས། ནད་ལྕི་མོའི་འགན་བཅོལ་སྐྱིན་ཚབ་སྤྲོད་པའི་གཏན་འཁེལ་དང་མཐུན་པའི་སྨན་ཡོན་ལ་འགན་བཅོལ་གན་རྒྱ་ལྟར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞིང་། ལོ་འཁོར་གྱི་ཆེས་མཐོ་བའི་རྩིས་སྤྲོད་མ་དངུལ་སྒོར་ཁྲི14ཡིན།《རོང་འབྲོག་ཁུལ་གྱི་གྲོངས་འབོར་ཆེ་བའི་ཁ་གསབ་སྨན་བཅོས་འགན་བཅོལ་གྲོས་གཞི》མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལོ་འཁོར་གྱི་ཆེས་མཐོ་བའི་རྩིས་སྤྲོད་བཅད་གྲངས་སྒོ་ཁྲི30ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།