ལྷོ་ཁས་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྤྱོད་ལས་ཀར་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་།  ལྷོ་ཁ་གྲོང་ཁྱེར་གྱིས་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྤྱོད་ལས་ཀར་ཤུགས་སྣོན་བརྒྱབ་སྟེ།  སྤྱི་ལོ2019ལོའི་ཟླ8པ་བར།  གྲོང་ཁྱེར་དེ་ཡོངས་སུ་ལོ་རབས་བརྒྱད་ཅུའི་ནང་སྐྱེས་ཀྱི་རྫོང་རིམ་པ་རྒན་པའི་ལས་བྱེད་པ9དང་རྫོང་རིམ་པ་གཞོན་པའི་ལས་བྱེད་པ70། ལོ་རབས་གྱ་ལྔའི་ནང་སྐྱེས་ཀྱི་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ212། ལོ་རབས་དགུ་བཅུའི་ནང་སྐྱེས་ཀྱི་ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ985བཅས་བཀོད་སྒྲིག་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་ནས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཡོངས་བསྒྲགས་ལས་མི་བསྡུ་བའི་ཡིག་རྒྱུགས་གཙོ་བོར་བྱེད་པ་དང་།  གཞི་རིམ་འཐབ་ས་དང་པོའི་དམིགས་འཛུགས་ལས་མི་བསྡུ་རྒྱུ་གཞོགས་འདེགས་བྱེད་པའི་ལས་བྱེད་དཔུང་ཁག་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།  སྤྱི་ལོ2016ལོའི་ཚུན་དུ་བོད་ཀྱི་སློབ་ཆེན་སློབ་ཐོན་པ་དང་དམག་ཞབས་འཐིམ་པའི་ཧྲེ་ཀོན་དམག་དཔོན་སོགས་མི983བསྡུས་པ་དང་།  ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གསུམ་གྱི་ཤེས་ལྡན་པའི་རིག་སྟོབས་ཀྱི་ལེགས་ཆར་བརྟེན་ནས་སྔ་རྗེས་སུ་དབུལ་སྐྱོར་གསར་སྤེལ་དང་གྲོང་ཁྱེར་འཆར་འགོད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་དུས་ཐུང་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་།  སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས9000བསྡུས་པ་མ་ཟད།  བརྒྱུད་རོགས་ཁྲིད་གསུམ་ལ་བརྟེན་ནས་རང་ས་ཆའི་གཞོན་ནུ་ཤེས་ལྡན་པ1000ལྷག་ཙམ་གསོ་སྐྱོང་བྱས་ཡོད།

སྤྱི་ལོ2016ལོའི་ཚུན་དུ་གྲོང་ཨུད་ཏང་གི་སློབ་གྲྭ་དང་ཡར་ཀླུང་འཆད་སྟེགས་སོགས་ལ་བརྟེན་ནས་གཞོན་ནུ་ལས་བྱེད་པ་མི་ཐེངས12500ལྷག་ཙམ་ལ་རིགས་དབྱེ་སྦྱོང་བརྡར་སྤྲད་ཅིང་།  བསྒྱུར་འཕེལ་གྱི་འཐབ་ས་དང་པོ་དང་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཡུལ་གཙོ་བོ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མ་བཅས་སུ་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་མངགས་གཏོང་བྱེད་རྒྱུར་མཐོང་ཆེན་པོ་བྱས་པ་མ་ཟད།  སྤྱི་ལོ2016ལོའི་ཚུན་དུ་གཞོན་ནུ་ལས་བྱེད་པ13ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར།  རང་སྐྱོང་ལྗོངས་བཅས་རིམ་པའི་དངུལ་ཁང་ཚན་པར་གནས་སྦྱར་སྦྱོང་བརྡར་ལ་བཏང་བ་དང་།  གཞོན་ནུ་ལས་བྱེད་པ2164གྲོང་ཚོ་ཁག་ལ་བཅའ་སྡོད་དང་ཧྲུའུ་ཅི་དང་པོ་བྱེད་པར་བཏང་བ་རེད།  དེ་དང་ཆབས་ཅིག་སྤྱི་ལོ2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་འགན་འཁུར་ཕོད་པ་དང་འགན་འཁུར་ཐུབ་པ།  ལས་དོན་སྤེལ་མཁས་པ།  གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པ115རྫོང་རིམ་པར་གནས་སྤར་བྱས་པ་དང་ལས་བྱེད་པ721ཁོའོ་རིམ་པར་གནས་སྤར་བྱས་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།