ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་དཀའ་ཁག་སེལ་ཏེ། ལྷ་ས་གྲོང་ཁྱེར་གྱི་ཉམས་ཞན་བུད་མེད་དང་བྱིས་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་། ཁྲིམས་འཛིན་འགྲེལ་བཤད་སོགས་བཅའ་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོང་དང་རོགས་རམ་སྔར་ལས་ལེགས་པོ་འདོན་སྤྲོད་བྱ་ཆེད། ཟླ5བའི་ཚེས15ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས”འཛུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས། དེ་ལས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་དེ་དུས་སྐབས་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་ལྟར་སྔར་ལས་ཚད་ལྡན་ངང་སྤེལ་རྒྱུ་དང་། གཞི་རིམ་གྱི་བུད་མེད་དང་བྱིས་པར་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་པ་མཚོན་ཡོད་ལ། ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་བའི་སྤྱི་ཚོགས་ཅན་གྱི་རྣམ་པ་འཐུས་ཚང་དང་འཕེལ་རྒྱས་སུ་ཕྱིན་པ་ཡང་མཚོན་ཡོད།

རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས་བཙུགས་རྗེས། ཁྲིམས་སྐྱོང་ལྷ་སའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཐུབ་པ་མ་ཟད།"ཁྲིམས་སྐྱོང་དྲིལ་བསྒྲགས་དང་། ཡིག་སྐུར་ངོ་གཏུག་སྣེ་ལེན། གཉེན་སྒྲིག་འདུམ་འགྲིག བཅའ་ཁྲིམས་རོགས་སྐྱོར། སེམས་ཁམས་ཁྲིད་སྟོན། དཀའ་ངལ་རོགས་སྐྱོབ་བཅས་ཀྱི་སྒོ་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང“7+1”ཡི་བྱ་བའི་རྣམ་པ་སྤྱད་དེ། རྒྱ་ཆེའི་བུད་མེད་དང་བྱིས་པར་སྔར་ལས་ཆེད་ལས་ཅན་གྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་བྱིས་པ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོ་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སྔར་ལས་མང་པོ་ལོངས་སྤྱོད་བྱེད་ཐུབ། 

ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་བྱམས་པ་ཚེ་ཞིས་བཤད་རྒྱུར། “ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས”སྒོ་བྱང་བཀལ་རྗེས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་ཇེ་ཆེར་བཏང་སྟེ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་རེ་འབོད་དུས་ཐོག་ཏུ་རྒྱུས་ལོན་དང་ཐག་གཅོད་ཡག་པོ་བྱེད་པ་དང་ཆབས་ཅིག གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ནནན་ཏན་གྱིས་སྒྲུབ་ཏེ། བུད་མེད་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་ཤུགས་ཧུར་ཐག་གིས་ཇེ་ཆེར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།