​བོད་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ལྷོ་ཁར་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་ལས་ཀར་བརྟག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་གནང་སྟེ།  ལྷོ་ཁ་གྲོང་ཁྱེར་དུ་དབུལ་གྲོལ་འགག་སྒྲོལ་དང་སློབ་གསོའི་ལས་དོན་སྤེལ་ཚུལ་སོགས་ལ་བརྟག་ཞིབ་གནང་བ་དང་།  དུས་རབས་ཀྱི་དཔེ་བཟང་བ་གཡང་འཛོམས་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམ་འདྲི་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སློབ་ཆུང་དང་བུ་བཅོལ་ཁང་དང་།  རྒྱ་ཚ་རྫོང་ཚེ་ཆུ་ཤང་གི་བུ་བཅོལ་སློབ་གསོ་ས་ཚིགས་སོགས་སུ་བརྟག་ཞིབ་བྱས་པ་རེད།  ཡུལ་སྨད་ཤང་དུ་བརྟག་ཞིབ་ཚོགས་ཆུང་ནས་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་ནས་གནས་སྤོས་དབུལ་སྐྱོར་དང་རྟ་སྒ་ཆ་སྒྲིག་གི་ཞབས་ཞུ་དུས་གཅིག་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  དབུལ་ཕོངས་མང་ཚོགས་གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ།  ལས་ཞུགས་ཐུབ་པ།  ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་པ་དང་།  སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ལ་ཕན་པ་སྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཤེས་དཔལ་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད།

བརྟག་ཞིབ་ཚོགས་ཆུང་ནས་སློབ་གྲྭ་ཁག་ཏུ་དགེ་སློབ་ཀྱི་མི་གྲངས་དང་འགན་ལེན་གསུམ་དོན་འཁྱོལ་བྱེད་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད།  ཟ་ཁང་གི་འཕྲོད་བསྟེན་དང་བཟའ་བཅའི་བདེ་འཇགས།  སློབ་མའི་ཉལ་ཁང་སོགས་སུ་ལྟ་ཞིབ་བྱས་པ་རེད།  བརྟག་ཞིབ་ཚོགས་ཆུང་ནས་བྱ་ཐབས་གསར་གཏོད་བྱས་ཏེ་སློབ་གསོའི་དབུལ་སྐྱོར་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ནས།  སློབ་མ་དང་ཁྱིམ་བདག་ཚོར་རིམ་པ་ཁག་དང་རིགས་ཁག་གི་སྲིད་ཇུས་ཤེས་རྟོགས་གང་ལེགས་ཐུབ་པ་བྱེད་དགོས་པ་དང་།  སློབ་མའི་རོགས་དངུལ་དང་སློབ་གསོ་སློབ་ཁྲིད་ཀྱི་འགན་སྲུང་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ།  དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་སྟོབས་ཤུགས་འདོན་དགོས་པའི་ནན་བཤད་བྱས་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།