རྩ་མདའ་རྫོང་གིས་ཡུལ་སྐོར་ཐོན་ལས་བརྒྱུད་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ཁྲོད་རྩ་མདའ་རྫོང་གིས་ཡུལ་འབབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་གོང་འཕེལ་གཏོང་བ་དང་ཡུལ་དེ་གའི་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ཐོན་ཁུངས་སྤྱད་དེ།  ཡུལ་སྐོར་དང་འབྲེལ་བའི་དབུལ་སྐྱོར་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས།  ཞིང་འབྲོག་མང་ཚོགས་རྒྱུན་སྲིང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ད་ལོ་སྒོ་མོ་དབྱེ་རྩིས་ཡོད་པའི་གུ་གེའི་རིག་གནས་འགྲེམས་ཁང་དུ།  འགྲམ་དངོས་ལ་འགྲེལ་བཤད་རྒྱག་མཁན་ཚོས་རེ་འཁོར་གསར་པའི་སྦྱོང་བརྡར་དང་ལེན་བྱེད་བཞིན་ཡོད།  བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་བཞིན་པའི་ཚེ་རིང་མཚམས་གཅོད་ནི་ལོ13གོང་གུ་གེའི་གནའ་ཤུལ་གྱི་སྣེ་ཤན་པ་ཞིག་ལ་གྱུར་ཡོད་པ་དང་།  ཁོང་ནས་ད་རེས་སྦྱོང་བརྡར་གྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ་དང་སྦྲགས་སྦྱོང་བརྡར་ནང་ཞུགས་རིམ་བཞིན་རང་ཉིད་ལ་ཕན་འབྲས་ཆེན་པོ་ཐོན་གྱི་འདུག་ལ།  རང་ཉིད་ཀྱི་སྣེ་ཤན་པའི་ཐོབ་ཐང་བེད་སྤྱད་དེ་ཕ་ཡུལ་མི་དམངས་ཀྱི་ཆེད་དུ་རང་ཡུལ་གྱི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས།

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན།  རྩ་མདའ་རྫོང་གིས་རང་ཡུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་དང་རིག་གནས་མཛེས་ལྗོངས་ཐོན་ཁུངས་ལ་བརྟེན་ནས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་གཏོང་བ།  ཞིང་འབྲོག་མང་ཚོགས་ཐེ་ཞུགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།  ད་ཆ་རྩ་མདའ་རྫོང་དུ་མཛེས་ལྗོངས་ཁུལ་གྱི་སྣེ་ཤན་པ་དང་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་པ།  ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་པ་བཅས་བྱེད་མཁན་ཞིང་འབྲོག་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད།

རྩ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་མ་ཆིང་ལིང་ནས།  རྩ་མདའ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་འབྲོག་མང་ཚོགས་དབུལ་གྲོལ་འབབ་འཕར་དང་ཡུལ་སྐོར་ལས་རིགས་གོང་འཕེལ་ཟུང་འབྲེལ་བྱས་ཏེ།  ཡུལ་སྐོར་དང་འབྲེལ་བའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་།  མཛེས་ལྗོངས་ཁུལ་ཉེ་འཁོར་མང་ཚོགས་ནས་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་སྐུལ་ལྕག་གཏོང་བ་དང་།  ཆེད་ལས་ལག་རྩལ་མི་སྣར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་ནས།  མང་ཚོགས་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ཡུལ་སྐོར་གཉེར་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ་ཡིན་ཞེས་གསུངས།
མ་ཆིང་ལིང་ནས་རྩ་མདའ་རྫོང་གིས་གོམ་སྟབས་རྗེས་མར་ཡུལ་སྐོར་གོང་འཕེལ་དང་མང་ཚོགས་ཀྱི་དགོས་མཁོར་བསྟུན་ནས།  མཁོ་སྤྲོད་ཕྱོགས་ཀྱི་བསྒྱུར་བཅོས་དང་ཡུལ་སྐོར་འཁོར་སྦྲེལ་ཐོན་རྫས་མཁོ་སྤྲོད་ལ་སྐུལ་འདེད་བཏང་སྟེ།  རྒྱུན་སྲིང་གོང་འཕེལ་ཡོང་ཆེད་སྒུལ་ཤུགས་སྣོན་རྒྱུ་དང་།  རི་ཁུལ་ཤང་གསུམ་གྱི་འགྲིམ་འགྲུལ་ཚད་བཀག་མེད་པ་བཟོས་ནས་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་བྱ་རྒྱུར་སྟབས་བདེ་སྐྲུན་རྒྱུ་ཡིན་ཞེས་གསུངས།

དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་ཁྲོད་རྩ་མདའ་རྫོང་གིས་ཞིང་འབྲོག་མང་ཚོགས་ནས་ཡུལ་སྐོར་གསར་སྤེལ་ནང་ཞུགས་རྒྱུར་སྐུལ་སྤེལ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ཤན་པ་དང་གཉེར་སྐྱོང་པར་འགྱུར་བ་བྱ་རྒྱུ་རེད།  དེ་དང་ཆབས་ཅིག་ས་ཆ་དེ་གས་ད་དུང་རྟ་སྒ་ཆ་སྒྲིག་གི་དེ་མིན་ཐོན་ལས་གོང་འཕེལ་འཆར་གཞི་བཟོ་རྒྱུ་དང་།  ཁྱད་ལྡན་གྱི་འདེབས་འཛུགས་གསོ་སྤེལ་དང་ཚོང་གཉེར་ལ་བརྟེན་ནས་མང་ཚོགས་རྣམས་ལ་ཡུལ་སྐོར་ལས་རིགས་གོང་འཕེལ་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་པ་བྱ་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།