བོད་ལྗོངས་ཡོངས་ཀྱི་ཁྲལ་དོན་ཚན་པས་གྲངས་གཞི་ཆེན་མོའི་སྟེགས་བུ་བརྒྱུད་ཁེ་ལས་ལས་ཐོན་བསྐྱར་ཚུགས་ལ་གཞོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་རིམ་ཁག་ཁྲལ་དོན་ཚན་པས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཞབས་ཞུའི་འགན་སྲུང་བྱ་ཐབས་སྤེལ་ཤུགས་ཆེ་རུ་བཏང་ནས།  གྲངས་གཞི་ཆེ་མོའི་སྟེགས་བུ་བརྒྱུད་ས་ཆ་དེ་གའི་ཁེ་ལས་ལ་གནད་འཕིགས་རོགས་སྐྱོར་གྱི་ཞབས་ཞུ་སྒྲུབ་པ་དང་ཆབས་ཅིག  ནད་ཡམས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཧུའུ་པེའི་ཁེ་ལས་དང་འབྲེལ་མཐུད་ངང་དཀའ་ངལ་སེལ་རོགས་བྱས་ཏེ།  བོད་ལྗོངས་དང་ཧུའུ་པེའི་ཁེ་ལས་དག་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་གཞོགས་འདེགས་བྱས་པ་རེད།

ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་བོད་ལྗོངས་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་ནི་སྨན་བཟོའི་ཁེ་ལས་ཤིག་ཡིན་པ་དང་འཁོར་ཁང་ནང་བཟོ་པ་ཚོས་སྨན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད།  ཀུང་སིའི་འགན་འཁུར་བ་ཀྲང་ཞའོ་ལིན་གྱིས་རྒྱལ་ཁབ་ཁྲལ་དོན་ཚན་པས་གྲངས་གཞི་ཆེ་མོའི་སྟེགས་བུ་བརྒྱུད་ང་ཚོར་རོགས་རམ་ཆེན་པོ་བྱས་པ་དང་ཆབས་ཅིག  ང་ཚོའི་ཐོན་རྫས་ཝུའུ་ཧན་དུ་བཏོན་ནས་ཧུའུ་པེར་ཕྱིར་འཚོང་ཐུབ་པ་བྱས་བྱུང་ཞེས་བཤད།

ཁྲལ་དོན་གྲངས་གཞི་ཆེ་མོའི་སྟེགས་བུ་བརྒྱུད་སྙོམས་སྒྲིག་གནད་འཕིགས་ཐུབ་པ་བྱས་ནས་ཧུའུ་པེའི་ཁེ་ལས་དང་འབྲེལ་མཐུད་བྱས་པས།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་བོད་ཀྱི་ཁེ་ལས་ད་དུང་མང་པོ་བྱུང་ཡོད།  གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་གྱི་བོད་ལྗོངས་ཨར་འདམ་ཚད་ཡོད་ཀུང་སི་ལ་ཡང་ནད་ཡམས་ཀྱི་ཤུགས་རྐྱེན་ཐེབས་ཏེ།  ཐེམ་ཁོངས་ཝུའུ་ཧན་ནས་ཡིན་པའི་ལས་མི47ལས་གནས་སུ་ཕྱིར་ལོག་བྱེད་མི་ཐུབ་པ་དང་རྒྱུ་ཆ་ཁ་ཐང་བ་སོགས་ཁེ་ལས་ཀྱི་ཐོན་སྐྱེད་ལ་དཀའ་གནད་འཕྲད་པ་རེད།  ཁེ་ལས་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ས་སྐྱ་རྫོང་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ལས་དོན་པས་གནས་ཚུལ་དེ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས།  ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ནས་ཧུའུ་པེའི་ཁེ་ལས་ལ་མཁོ་སྤྲོད་ཐབས་ལམ་གནད་འཕིགས་ཤིག་གཏོད་རོགས་ཧུར་ཐག་བྱས་པ་རེད།  ཁྲལ་དོན་ཚན་པའི་རོགས་རམས་འོག་ཁེ་ལས་དེས་ཧུའུ་པེའི་གཙོ་གནད་ཁེ་ལས་དང་འབྲེལ་མཐུད་བྱས་ཐོག་ཉོ་སྒྲུབ་མཁོ་སྤྲོད་ལས་སྒོ15གཉེར་བ་མ་ཟད།  ཁྱོན་མ་དངུལ་སྒོར་ཁྲི་ཚོ5700ལྷག་ཟིན་པའི་དངོས་གཞིའི་གན་རྒྱ་ཡང་བཞག་པ་རེད།  

ཤེས་རྟོགས་བྱུང་བར་གཞིགས་ན།  ད་བར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོ་བརྒྱུད་ས་ཆ་དེ་གའི་ཁེ་ལས74བདམས་ནས།  ཧུའུ་པེའི་འབྲེལ་ཡོད་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ་ཁེ་ལས་དེ་དག་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་སྐུལ་སྤེལ་བཏང་ཡོད་ལ།  ས་ཆ་དེ་གཉིས་པོའི་ཚོང་འགྲིག་རྣམ་གྲངས18ཟིན་པ་མ་ཟད་མ་དངུལ་ཡང་སྒོར་ཁྲི་ཚོ6500ལྷག་ཙམ་ཟིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།