ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་དྲོད་ཁང་སྔོ་ཚལ་འཕེལ་རྒྱས་བཏང་ནས་མང་ཚོགས་དབུལ་ཐར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་དེང་རབས་ཞིང་ལས་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་དབུལ་ཐར་མཁྲེགས་གཏོར་ལས་དོན་ཟུང་འབྲེལ་བྱས་ནས་བྱ་ཐབས་སྣ་མང་སྤྱད་དེ་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཤིང་། སྲོལ་རྒྱུན་ཞིང་ལས་དེ་དེང་རབས་ཞིང་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ཞིང་ལས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 

དབྱར་འགོ་ཚུགས་པའི་དུས་སུ་གསར་འགོད་པ་རྒྱལ་ལམ318བརྒྱུད་དེ་ཤར་ཕྱོགས་སུ་བསྐྱོད་པའི་ཚེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་འབྱོར་བྱུང་། གྲོང་ཚོའི་ནང་དཀར་རྩི་བྱུགས་པའི་ཐོགས་བརྩེགས་གཉིས་ཅན་གྱི་བོད་ལུགས་ཁང་པ་རེ་རེ་གྲལ་སྟར་འགྲིག་ནས་ཡོད་པ་དང་། སྒོ་རའི་ཕྱི་ནང་གི་གཙང་ཞིང་གྲལ་དག་ཡིན་ལ་ཕོ་མོ་རྒན་གཞོན་ཚང་མས་ཞིང་ཁར་ས་བོན་འདེབས་པ་དང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་དྲོད་ཁང་ཆེན་མོའི་ནང་སྔོ་ཚལ་ལ་བདག་གཉེར་བྱེད་བཞིན་ཡོད་པས་གང་ས་གང་དུ་ལས་བརྩོན་ཕྱུག་འགྱུར་གྱི་རྣམ་པས་ཁེངས་ཡོད། 

timgF5R2XB7F.jpg

རྒྱུས་ལོན་བྱུང་བ་ལྟར་ན། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང2019ལོའི་ཟླ10པར་དངོས་སུ་ལས་མཇུག་འགྲིལ་བ་དང་། དེར་སྡེབ་སྐྱེལ་ལྟེ་གནས་དང་གྲང་མཛོད་སོགས་ཞོར་གཏོགས་སྒྲིག་བཀོད་ཀྱང་བཀོད་སྒྲིག་བྱས་ཡོད་ཅིང་ད་ལྟ་གླིང་ཁུལ་དུ་དྲོད་ཁང་གསར་བ80དང་དྲོད་ཁང་རྙིང་བ50ཡོད། མིག་སྔར་གླིང་ཁུལ་དུ་གཏན་འཇགས་ལས་ཞུགས་བྱས་པའི་མི39ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི20དང་སློབ་ཆེན་སློབ་མ14ཡོད་པ་དང་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར3700ནས5000བར་ཡིན། ད་ལོའི་དུས་ཚིགས་དང་པོར་གནས་སྐབས་ལས་མི་བཀོལ་སྤྱོད་བྱེད་ཚད་མི་ཐེངས1400ལྷག་ཙམ་ཟིན་པ་དང་མི་རེར་ཉིན་རེར་སྒོར120གླ་ཆ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དེ་ས་གཙང་བདེ་ཐང་ཐོན་ལས་ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ལས་ཞུགས་གཞན་སྒྱུར་དང་། ས་ཞིང་སྤོ་སྒྱུར། ཁེ་སྤོགས་བགོ་བཤའ་སོགས་ཀྱི་རྣམ་པ་གང་ལེགས་སྤྱད་དེ་རོང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ་མ་ཟད། རྗེས་མཐུད་ཀྱི་ལས་གཉེར་དང་འཕེལ་རྒྱས་ཁྲོད་མང་ཚོགས་མི་ཉུང་བ་ཞིག་ལས་ཞུགས་ཐུབ་ནས་ཁོང་ཚོར་དེང་རབས་ཞིང་ལས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་རོགས་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་འབབ་འཕར་ཡོང་བ་མངོན་འགྱུར་བྱུང་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།