བོད་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་སྟོད་དུ་མཐོ་སྒང་གི་ས་གཞི་ཆེན་མོའི་གནམ་གཤིས་དྲོ་རུ་ཕྱིན་ནས་སྐྱེ་དངོས་ཐམས་ཅད་སླར་གསོ་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། སྔོ་ཞིང་དྭངས་པའི་ནམ་མཁའ་དང་། དྭངས་ཤིང་གཙང་བའི་ཆུ་བོ། གཡུ་མདོག་གི་སྔོ་ཤུན། དག་གཙང་གི་རྩྭ་ཐང་བཅས་དུས་ལྟར་སླེབས་བྱུང་། 

འདི་ཡོད་ཚད་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་དང་བོད་ལྗོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་མཐོང་ཆེན་དང་འཆར་འགོད་དོན་འཁྱོལ་ཧུར་ཐག་བྱས་པ་ལས་བྱུང་བ་ཡིན་ལ། སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་གཞི་རིམ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་པ་དང་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བའང་ཡིན། 

མི་སྡོད་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པ།

2019ལོ་ནས་བཟུང་བོད་ལྗོངས་ཀྱིས་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོས་ཏེ་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་གཞི་སྤེལ་འགོ་ཚུགས་ནས་གཙང་པོ་དང་མཚེའུའི་ཆུ་ཁོངས་དང་མཚོ་རྒྱུད་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་ཆུ་ཤོར་ཚུལ་སྔོན་འགོག་ལྟ་སྐུལ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། གཙང་པོ་དང་མཚེའུ་ཡི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་སྐོར་ཞིབ་ལམ་ལུགས་དོན་འཁྱོལ་བྱས་ནས་གཙང་པོ་དང་མཚེའུ་ཡི་ལམ་ལུགས་ཀྱིས་ཁྱོན་ཡོངས་ནས་ནུས་པ་ཐོན་པར་སྐུལ་འདེད་བཏང་བ་རེད།

ལྷ་ས་གྲོང་ཁྱེར་གྱིས་མཐའ་འཁོར་དང་ལྷོ་རི། བྱང་རི། གྲོང་ཁྱེར་ནང་ཁུལ་གྱི་ནགས་སྐྲུན་ལྗང་སྒྱུར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་སྐྱིད་སྣང་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ཡོད། བོད་ལྗོངས་ཀྱིས་ཆུ་མིག་ལམ་གྱི་བརླན་ས་སྤྱི་གླིང་འཛུགས་སྐྲུན་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་སྟེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་དང་རྒྱ་རོང་སྡེ་ཁུལ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་པའི་གསང་སྤྱོད་བེད་སྤྱོད་སོགས་འཚོ་བའི་དར་སྲོལ་གསར་པ་ཉིན་བཞིན་ཆགས་ཡོད། 

མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་དེ་གཅིག་རམ་གཅིག་འདེགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱེད་ཐབས་དེ་བོད་ལྗོངས་ཀྱི་གྲོང་ཁྱེར་ཁག་གིས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་རི་མོ་ཞིག་མཐོ་སྒང་གི་ས་གཞི་ཆེན་མོར་དལ་གྱིས་བཀྲམ་བཞིན་ཡོད། 

སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ཁུལ་ཧུར་ཐག་བསྐྲུན་པ། 

སྲིན་པོ་རི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ཁུལ་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་ཡོད་ཅིང་། གོང་དཀར་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཙམ་ཡོད་ལ་དེ་ནི་བོད་ལྗོངས་ཀྱིས་ས་བབ་ཧ་ཅང་མཐོ་བའི་རང་བྱུང་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གཙོ་གནད་གནས་སྤོའི་བཀོད་སྒྲིག་རྣམ་གྲངས་ཤིག་ཡིན་ལ་བོད་ཞི་བས་བཅིངས་འགྲོལ་བྱས་ནས་ལོ70འཁོར་བའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཀྱང་རེད། བོད་ལྗོངས་ཀྱིས་གནས་སྤོས་བྱ་ཡུལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འགོ་ཁྲིད་གཙོ་བོས་རྟོག་ཞིབ་མཛུབ་ཁྲིད་ལས་དོན་ཐེངས་མང་སྤེལ་བས་མིག་སྔར་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།

འཆར་འགོད་ལག་བསྟར་བྱས་པའི་དེང་རབས་ནགས་ལས་དང་། ཤིང་འབྲས་ལས་རིགས། དེང་རབས་འབྲོག་ལས། སྒྲིག་བཀོད་ཞིང་ལས་སོགས་ལེ་ལག་ཚང་བའི་ཐོན་ལས་ཀྱིས་གནས་སྤོས་མང་ཚོགས་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་རྒྱུར་འགན་ལེན་བྱས་ཡོད་ལ། གནས་སྤོ་བྱ་ཡུལ་གྱི་མཐའ་འཁོར་དང་རིའི་སྐྱེ་ཁམས་ཆ་རྐྱེན་ལེགས་བཅོས་བྱེད་པ་ལའང་ཕན་ཐོགས་ཡོད། མིག་སྔར་གནས་སྤོ་བྱ་ཡུལ་མཐའ་འཁོར་གྱི་རི་ཚོགས་མང་ཆེ་བ་སྔོ་ལྗང་དུ་གྱུར་ནས་བྱེ་འགོག་བྱེ་བཅོས་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད། སྡོད་ཁང་གི་སྔ་རྗེས་དང་སྡེ་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་དང་མེ་ཏོག་བཏབ་པའི་ཚེ་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་མཛེས་བཟོ་དང་ལྗང་མདོག་གི་ཕན་ནུས་ཐོན་པར་ཕན་ཐོགས་ཡོད། 

2019ལོར་བོད་ལྗོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་སྐྲུན་ལྗང་སྒྱུར་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་ནགས་སྐྲུན་མུའུ་ཁྲི130.7གསར་དུ་འཕར་སྣོན་བྱུང་བ་རེད། སྐྱེ་ཁམས་དམར་ཐིག་གི་དབྱེ་མཚམས་རགས་ཙམ་ཕྱེས་པ་བརྒྱུད་ལྗོངས་ཡོངས་ཀྱི45%ཡི་ས་ཁོངས་ནན་ཤོས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་ཡོད། རི་སྐྱེས་སྲོག་ཆགས་མང་ཆེ་བའི་གྲངས་འབོར་སླར་གསོ་བྱུང་བའི་གནས་ཚུལ་མངོན་གསལ་དོད་པོས་འཕར་ཡོད། 

“སྐྱེ་ཁམས+”ཡིས་ཡུལ་མི་རྣམས་ཕྱུག་འགྱུར་ལམ་དུ་ཁྲིད་པ།

2019ལོར། བོད་ལྗོངས་ཀྱི“སྐྱེ་ཁམས+རོང་འབྲོག”དང“སྐྱེ་ཁམས+ཡུལ་སྐོར”སོགས་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར97.7དོན་འཁྱོལ་བྱས་ཤིང་། མང་ཚོགས་ཀྱིས་“ལྗང་མདོག་”གི་ཁེ་སྤོགས་སྔར་བས་མང་བོ་ལོངས་སུ་སྤྱད་པ་རེད། གཞན་ཡང་བོད་ལྗོངས་ཀྱི་སྐྱེ་ཁམས་བར་མཐོངས་དོ་དམ་ཚོད་འཛིན་སྔར་བས་ནན་མོ་བྱས་པ་དང་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། 

2019ལོ་དང2020ལོ་ནས་བཟུང་། བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། གྲོ་མོ་རྫོང་། བྲག་ཡིབ་ཆུས། འདམ་གཞུང་རྫོང་བཅས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གསར་གཏོད་བྱས་ཤིང་། ལྷུན་རྩེ་རྫོང་གིས་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞི་བཙུགས་པ་རེད། བསྡོམས་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ས་ཁུལ་དང་གྲོང་ཁྱེར2དང་། སྐྱེ་ཁམས་རྫོང22། སྐྱེ་ཁམས་ཤང་གྲོང269། སྐྱེ་ཁམས་གྲོང་ཚོ3087བཅས་ལ་མིང་བཏགས་པ་རེད། 

འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་མཇུག་བསྡུའི་ལོ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་འདིར་བོད་ལྗོངས་ཀྱིས“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་ནང་མངོན་གསལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཁག9ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ་དང་མི་དམངས་མང་ཚོགས་ལ་གཟིགས་སྐྱོང་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་མུ་མཐུད་དུ་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།