བོད་ལྗོངས་ཀྱིས་བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་ལ་འགྱུར་བ་བྱེད་པའི་འཕེལ་རིམ་མགྱོགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་བོད་ལྗོངས་ཀྱིས་བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་ལ་འགྱུར་བ་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་བཞིན་ཡོད།  ཉེ་དུས།  རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་བོད་ཡིག་དཔེ་རྙིང་ཡིག་ཚགས་གྲངས་འཛིན་ཅན་གྱི་གྲངས་མཛོད་ཁག་དང་པོ་བཟོས་ཟིན་པ་མ་ཟད།  གང་མགྱོགས་དྲ་ཐོག་ཏུ་རྒྱ་ཆེའི་ཀློག་པ་པོར་སྤྱན་འབུལ་ཡང་ཞུ་རྒྱུ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་ནས་འགོ་བཙུགས་ཏེ་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་དུ་འགྱུར་བའི་ལས་དོན་སྤེལ་འགོ་བཙུགས་པ་དང་།  དེང་སྐབས་ཕྱག་དཔེ167དང་གནའ་དཔེ24441གི་གྲངས་གཞིའི་སྤྱི་འབོརTB5.94ཟིན་པའི་དཔེ་རྙིང་གྲངས་འཛིན་ཅན་གྱི་དཀར་ཆག་སྒྲིག་པའི་ལས་དོན་ལེགས་སྒྲུབ་ཟིན་པའི་ནང་།  ཁག་དང་པོའི་བོད་ཡིག་དཔེ་རྙིང་ཡིག་ཚགས་དྲ་ཐོག་ལ་བཏོན་ཟིན་པ་དང་དེ་འཕྲོས་རྣམས་ཤུལ་བཞག་རིག་གནས་ཉིན་མོར་དྲ་ཐོག་ལ་འདོན་རྒྱུ་ཡིན་ཞིང་།  ནང་དོན་ཐད་བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར་དང་བོད་ཀྱི་ལོ་རྒྱུས་སོགས་ཚུད་ཡོད།  ཀློག་པ་པོས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་གྲངས་འཛིན་དྲ་བ་དང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་ཡིག་ཚགས་གྲངས་མཛོད་དྲ་ཚུགས་བརྒྱུད་ལྟ་ཀློག་བྱེད་ཆོག་གི་ཡོད། 

རྩ་ཆེའི་དཔེ་རྙིང་ཡིག་ཚགས་ལྟ་ཀློག་ཡག་པོ་ཐུབ་པ་བྱེད་ཆེད།  འཆར་གཞི་ལྟར་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ད་ལོ་དང་དུས་སང་ལོ་གཉིས་ནང་བོད་ཡིག་གི་སུམ་རྟགས་དང་ལེགས་སྦྱར་ཡི་གེའི་རྨང་གཞིའི་ཤེས་བྱ།  བོད་ལུགས་གསོ་རིག  གནམ་རིག་སྐར་རྩིས་སོགས་དཔེ་རྙིང་ཡིག་ཚགས་གྲངས་འཛིན་ཅན་དུ་འགྱུར་བ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཏེ།  སྤྱི་ཚོགས་ཐོག་གི་སྤྱི་དམངས་ཡོངས་ལ་གྲངས་འཛིན་ཅན་གྱི་བོད་ཡིག་དཔེ་རྙིང་ཡིག་ཚགས་ལྟ་ཀློག་བྱེད་པའི་དགོས་མཁོ་གང་ལེགས་བསྐོང་ཐུབ་པ་བྱ་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།