གཞིས་ཀ་རྩེའི་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་ལས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་ལས་དང་། དབུལ་སྐྱོར། ཁེ་ལས་ཆུང་གྲས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཡིད་རྟོན་དངུལ་བུན་གྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། རང་འགུལ་ངང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ཞབས་ཞུའི་དགོས་མཁོ་སྐོང་གང་ཐུབ་བྱས་ལ། དངུལ་རྩའི་ཞབས་ཞུར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར134.41ཡིན་པ་དང་། དངུལ་རྩའི་གནད་འཕིགས་དབུལ་སྐྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར48.53ཡིན།

རྒྱུས་ལོན་པ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་ཆུང་བའི“བརྒྱ་གཉིས་འཆར་གཞིར”སྐུལ་འདེད་བཏང་སྟེ། “བསྡུ་དགོས་པའི་རྩིས་ཁྲའི་དངུལ་བསྡུའི་ཞབས་ཞུ་སྟེགས་བུ”དང་“ཁེ་ལས་ཆུང་བའི་དངུལ་བསྡུའི་ཞབས་ཞུའི་སྟེགས་བུ”ཁྱབ་གདལ་བཏང་བ་དང་། “ཁེ་ལས་ཆུང་བའི་མྱུར་བུན་”སོགས་ཡིད་རྟོན་དངུལ་བུན་ཐོན་རྫས་སྐོར་ཞིག་བཏོན་ནས། ནུས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་བའི་དངུལ་བསྡུ་དཀའ་ངལ་ཞི་ལྷོད་དུ་བཏང་། དུས་ཚིགས་དང་པོའི་དུས་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་74.26ཟིན། དེའི་ཁྲོད་ཁེ་ལས་ཆུང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར48.25ཟིན་པ་དང་། དུས་མཉམ་ལས35.52%འཕར་ཡོད།

དེ་མིན། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་སྨན་རྫས་དང་། དངོས་རྫས་འཁོར་རྒྱུག ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དང་། དངུལ་བུན་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་དྲ་ཐོག་དང་ཡུལ་དངོས་ཀྱི་ཐབས་ལམ་མང་པོའི་བརྒྱུད་དེ། ཡིད་རྟོན་དངུལ་བུན་གྱི་དངུལ་བསྡུ་དགོས་མཁོ་བསྐངས་བ་རེད། ཟླ4བའི་ཟླ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་སྔ་གཞུག་ཏུ་ཁེ་ལས239དང་ཡིད་རྟོན་དངུལ་བུན་བསྡུ་སྒྲིལ་སྦྲེལ་མཐུད་བྱས་པ་དང་། སྔ་གཞུག་ཏུ་ཁེ་ལས194ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར29.55བཏང་། ཁེ་ལས27ལ་དངུལ་བུན་འཇལ་བའི་དུས་ཚད་ལེགས་སྒྲིག་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་ཁྲི4767ལེགས་སྒྲིག་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།