བོད་ལྗོངས་ཀྱི་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་།  བོད་ལྗོངས་དམངས་སྲིད་ཚན་པས་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་ལས་དོན་གོང་འཕེལ་གྱི་སྒུལ་ཤུགས་སྔར་བས་འཕེལ་བ་བྱེད་པ་དང་།  དམངས་འཚོ་ཐ་གྲས་སྐྱོང་བའི་འགན་སྲུང་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས།  དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱུང་སྟེ་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ་པ་རེད། 

བོད་ལྗོངས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་།  གོང་རིམ་དམངས་སྲིད་ཚན་པ་བཅས་ཀྱི་ལས་ཀའི་བླང་བྱར་ནན་པོར་གཞིགས་པ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  རྒན་གསོ་ཁང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཐད་ལྟ་སྐུལ་ཞིབ་བཤེར་དང་།  སྤུས་ཚད་ལེགས་གཏོང་གི་ཆེད་དོན་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་ཏེ།  རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་དང་ཐོན་སྐྱེད་བདེ་འཇགས་ཐད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་སྔར་བས་ཐག་གཅོད་ཡང་དག་བྱས་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་ཀྱིས་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ།  སྤྱི་ལོ2017དང2018། 2019ལོ་བཅས་སུ་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི་བཀྲམ་ནས་རྒན་གསོ་ཁང་ཚད་ལྡན་ཅན་དུ་འཛུགས་སྐྱོང་ལས་དོན་སྤེལ་པ་རེད།  སྤྱི་ལོ2019ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་རྒན་གསོ་ཁང་ཞབས་ཞུའི་ས་གནས་ཚད་གཞི་བཅོ་བརྒྱད་བཟོས་ནས།  གཉིས་བསྡུས་གཅིག་གི་ཚན་པའི་དོ་དམ་ཞབས་ཞུ་ཚད་ལྡན་ཅན་དང་ཚད་གཞི་ཅན།  ཞིབ་ཚགས་ཅན་བཅས་སུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་བ་དང་།  སྨན་བཅོས་དང་རྒན་གསོ་ཟུང་དུ་འབྲེལ་བའི་ཚོད་ལྟའི་ལས་ཀར་སྐུལ་འདེད་བཏང་ཞིང་།  དམིགས་བསལ་དཀའ་ངལ་ཅན་གཅིག་བསྡུས་འཚོ་སྐྱོང་ལྟེ་གནས་སུ་སྨན་བཅོས་ཞབས་ཞུ་ལྟེ་གནས་དང་ཡང་ན་འཕྲོད་བསྟེན་ཁང་བཙུགས་པ་བཅས་བྱས་ཡོད། 

དེ་དང་ཆབས་ཅིག  རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་ཆེ་རུ་གཏོང་ཆེད།  སྤྱི་ལོ2015ལོའི་ཚུན་དུ་དབང་པོ་སྐྱོན་ཅན་པའི་ཁ་གསབ་གཉིས་ཀྱི་ལམ་ལུགས་བཙུགས་ཚུན་ཁྱོན་ཁ་གསབ་དངུལ་སྒོར་དུང་ཕྱུར4.8སྤྲད་ཡོད་པ་དང་།  སྤྱི་ལོ2018ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་།  བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་པའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར55ནས100བར་མཐོ་རུ་བཏང་བ་དང་།  དབང་པོ་སྐྱོན་ཅན་ཚབས་ཆེ་བར་ནད་གཡོག་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར110ནས200བར་མཐོ་རུ་བཏང་ཡོད། 

གཞན་ཡང་།  བོད་ལྗོངས་ཀྱིས་བྱིས་པའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་དང་འགན་སྲུང་ཏན་ཏིག་བྱས་ཏེ།  གསོ་ཉར་ཐོ་འགོད་འགྲོ་ལུགས་ཚད་ལྡན་བཟོས་པ་དང་དོ་དམ་སྲིད་ཇུས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་།  གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པའི་གཅེས་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དེ།  འཚོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་དང་གཞིས་ལུས་བྱིས་པ།  ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བྱིས་པ་བཅས་ལ་ཁྱབ་ཡོད།   

ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་ཀྱིས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གི་བསམ་འཆར་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས་བརྒྱུད་གཏོང་བྱེད་རྒྱུའི་བརྡ་ཐོ་ཞེས་པའི་ཐོག  དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་དེ་གཅིག་བསྡུས་གསོ་ཉར་བྱས་པའི་རིགས་གཉིས་པའི་ཁུལ་གྱི་བྱིས་པར་སྒོར1000དང་།  རིགས་གསུམ་པའི་ཁུལ་གྱི་བྱིས་པར་སྒོར1200རིགས་བཞི་པའི་ཁུལ་གྱི་བྱིས་པར་སྒོར1350བཅས་དང་།  གཅིག་བསྡུས་འཚོ་ཉར་བྱེད་ཁོངས་མ་ཡིན་པའི་དྭ་ཕྲུག་རེར་ཟླ་རེར་སྒོར600བཅས་སྤྲོད་རྒྱུའི་གཏན་འཁེལ་བྱས་ཡོད།  ད་བར་ལྗོངས་ཡོངས་སུ་དྭ་ཕྲུག5913ཡོད་པའི་ནང་སློབ་ཆེན་འགྲིམ་མཁན་དྭ་ཕྲུག1105ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།