གསེར་ཐང་བོད་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་གི་རྣམ་གྲངས་སྔོན་དཔག་བྱས་ན་ཟླ8པར་ལེགས་གྲུབ་ཟིན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པ་ལྷ་ས་སྐྱིད་ཆུའི་ནུབ་ངོས་ཀྱི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་སྐྱོད་སྐབས། གསེར་ཐང་བོད་ཀྱི་ཐང་གའི་རིག་གནས་གླིང་གི་ཨར་པོ་རྒྱག་ཡུལ་དུ་ལས་མི་ཚོས་དུས་ཚོད་དམ་འཛིན་གྱིས་ཨར་པོ་རྒྱག་བཞིན་ཡོད་པ་དང་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་མཐོང་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་མ་འཇོག་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཚེ་མཆོག་གླིང་རིག་གནས་བསམ་བཀོད་མ་འཇོག་ཚད་ཡོད་ཀུང་སིའི་མ་རྐང་ཚོད་འཛིན་གྱིས་བོད་ལྗོངས་གསེར་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་འཁོར་སྦྲེལ་ཆ་ཚང་ཤོས་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་ཐོག་མ་བཏོད་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་རྨང་གཞིར་བྱས་པའི་སྒྱུ་རྩལ་དང་། ཡུལ་སྐོར། རིག་གནས། ཟོག་ཉོ། སློབ་སྦྱོང་། ཉམས་ལེན་སོགས་བྱེད་ནུས་མང་པོ་གཞི་གཅིག་ཏུ་བསྡུས་པའི་རྒྱུ་མང་ཅན་གྱི་ཀྲུང་ཧྭ་ཡི་རིག་གནས་ཐོན་ལས་ཕྱོགས་བསྡུས་གླིང་བསྐྲུན་རྒྱུ་རེད།

བོད་ལྗོངས་གསེར་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་བསྟན་པ་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། “རྣམ་གྲངས་དེ་2018ལོའི་ཟླ་3པར་ལས་འགོ་བཙུགས་པ་དང་འདི་ལོའི་ཞོ་སྟོན་རིང་ལས་མཇུག་འགྲིལ་རེ་ཡོད། དེ་བསྐྲུན་རྗེས་སྔོན་དཔག་བྱས་ན་མི་1000ལྷག་ཙམ་གླིང་དེར་ལས་ཞུགས་བྱེད་པར་སྐུལ་ཁྲིད་ཐུབ་སྲིད”ཟེར།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།