ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུ་ཡག་པོ་བསྒྲུབས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དངུལ་ཁང་གིས《ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཞབས་ཞུ་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཆེད་མངགས་བཀྲམ་ནས་རྣམ་གྲངས་ཆེན་པོ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་དང་། བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་འགན་ལེན། ཚོགས་པའི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ལེགས་ཆ་འདོན་སྤེལ། དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུ་སྟབས་བདེ་རུ་གཏོང་བ་སོགས་ཕྱོགས་11ཐད་ནས་བྱ་ཐབས་31བཏོན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཙོ་གནད་ཁེ་ལས་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། རང་འགུལ་ངང་དངུལ་རྩའི་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་གནད་སྨིན་རྒྱབ་སྐྱོར་བྱས་པ་རེད། ཟླ་3པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན། ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་7.06བཏང་བ་དང་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དངུལ་བུན་སྒོར་དུང་ཕྱུར་34.94གཏོང་བར་རྒྱབ་སྐྱོར་བྱས་པ་རེད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕྲན་ཚེགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་ཆེད། དངུལ་ཁང་དེས་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། གཟིགས་སྐྱོང་གི་སྐྱེད་ཚད་ལག་བསྟར་བྱེད་པ། དུས་འགྱངས་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཆེད་དོན་ཞབས་ཞུ་ཁག་16བཏོན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་དངུལ་རྩའི་སྟོབས་ཤུགས་ལ་བརྟེན་ནས་ཕྲན་ཚེཌ་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱས་ཏེ། འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་མཁན་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་འགན་ལེན་བྱས་ནས་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཡོད། ཟླ་3པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འདི་ལོ་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་སྒོར་དུང་ཕྱུར་25.29བཏང་བ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་157.4ཟིན་གྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།