ཏང་ཡོན་གྱི་སྣེ་ཁྲིད་བཟང་། དབུལ་སྒྲོལ་གྱི་གོམ་ཁ་མྱུར།

—— ཁྲེང་ཀོན་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ནུས་གསར་པར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ཚད་གཞི་མཐོ་པོས་གཙོ་གནད་ལ་སྐུལ་འདེད་བཏང་བ།

ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་མིར་སྒོར་ཁྲི་སྟོང་བགོ་འགྲེམས་བརྒྱབ་པ་རེད། གྲོང་ཚོ་ཡོངས་ཀྱི་དུད་ཚང་247གྱི་མི་764ལ་མི་རེར་དངུལ་སྨར་སྒོར་ཁྲི་1.5རེ་བགོས་པ་དང་བགོ་བཤའ་བརྒྱབ་པའི་དངུལ་འབོར་ཁྱོན་སྒོར་ཁྲི་1146ཟིན་ཡོད་པ་རེད།

ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་གཞིགས་ནས་ཏང་འཛུགས་སྐྱོང་གི“གསར་བརྗེའི་སྒུལ་ཤུགས”བཏོད་དེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་མངོན་པར་བྱས་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས།

“ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན”བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་འགོག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་གཉིས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་པ་རེད།

དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ་ལག་བསྟར་ལ་དམ་འཛིན་བྱས་ཤིང་། འདི་ལོའི་ལོ་འགོར་ཁྲེང་ཀོན་ཆུས་ཨུད་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་འཕྲལ་མར་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་ལ་འཆར་གཞི་འགོད་པ་དང་ཁ་ཕྱོགས་གསལ་པོ་བཏོན་པ་རེད།

ལམ་སྲོལ་ནན་པོ་བཟོས་ཏེ་རྒྱུན་རྣམ་ལ་དམ་འཛིན་བྱས་ཤིང་། “རིམ་ལྔའི་ཧྲུའུ་ཅིས”དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། “ཆུས་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་འདོམས། སྡེ་ཚན་གྱིས་འཕྲེད་ཕྱོགས་མཉམ་འགུལ། ཁོངས་གཏོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ”བཅས་ཀྱི་བཀོད་འདོམས་མ་ལག་དང་ལས་ཀའི་ལམ་སྲོལ་བཙུགས་ཏེ། “འགོ་ཁྲིད་ཨང་དང་པོས”འགན་འཁྲི་གཙོ་བོ་འཁུར་བ་དང་ཚན་ཁག་གི་ཁོངས་མིས་ལས་འགན་ཁག་བགོས་ཀྱིས“ལས་དོན་མཉམ་དུ་སྤེལ་བའི”ལམ་སྲོལ་ཕྱོཌ་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ།

མང་ཚོགས་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ཏང་ཀྲི་པུའུ་ལ་བརྟེན་དགོས་ཤིང་། ཁྲེང་ཀོན་ཆུས་ཀྱིས་ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་གི“གསར་བརྗེའི་སྒུལ་ཤུགས”བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ནུས་གོ་རིམ་དང་ཕན་ནུས་ལྡན་པའི་སྒོ་ནས་མངོན་པར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་ཀའི་ཁྲོད་ཀྱི“གནད་དོན་གལ་ཆེན”དེར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི“སྣེ་ཁྲིད་པ”བཀོད་སྒྲིག་ལེགས་པོ་བྱས་ཏེ་གནད་སྨིན་གྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་11གྲོང་ཚོ་དང་གྲོང་ལྷན་དུ་མངགས་ནས་ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁྲི་ཁུར་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་4དང་། གཞི་རིམ་གྱི་ལས་རོགས་པ་22 “1+3”གྱི་ཆེད་བསྐོས་ལས་བྱེད་པ་44བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པ་28གསོ་སྐྱོང་བྱས་པ་དང་། མཉམ་སྡེབ་དཔལ་འབྱོར་15འཕེལ་རྒྱས་སྟོབས་ཆེར་བཏང་ནས་རང་བརྟེན་རྣམ་པའི་དབུལ་སྐྱོར་རྒྱུན་རྣམ་གསར་པར་འགྱུར་བ་བྱས་པ་རེད།

བློ་སྐྱོར་དང་རིག་སྐྱོར་གཉིས་ལ་བརྟེན་ནས“དབུལ་རྩ་དྲུངས་ནས་འབྱིན”ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི“ཕུལ་བྱུང་བྱས་རྗེས”ཀྱི་དྲ་ཐོག་སྙན་ཞུའི་ཚོགས་འདུ་ཐེངས་32འཚོཌ་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

འགག་གནད་སེལ་ཐུབ་པ་བྱུང་བ།

ཁྲེང་ཀོན་ཆུས་ཀྱི་རིམ་གསུམ་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་འགན་འཁྲི་ཁུར་བ་དང་ལས་དོན་ཧུར་ཐག་སྤེལ་ཏེ། དྲིན་སྐྱོང་གླིང་སྡེ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི“མཐའ་མའི་འགག་གནད”དངོས་འབྲེལ་སེལ་ཐུབ་པ་བྱུང་སྟེ་མང་ཚོགས་གནས་སྤོ་ཐུབ་པ་མ་ཟད། སེམས་ཀྱང་གནས་ཐུབ་པ་དང་གཞན་ཡུལ་རང་ཡུལ་དུའང་འགྱུར་ཐུབ་པ་བྱུང་བ་རེད།

ལས་དོན་ཚབ་སྒྲུབ་ཀྱིས“དམངས་ཀྱི་སེམས་ཁྲལ་སེལ”ཞིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་སྲིད་འཛིན་ཞིབ་མཆན་འགོད་པ་དང་སྨན་བཅོས་རྩིས་ཞུ་སོགས་ཀྱི་འགྲོ་ལུགས་ཐད་རྒྱུས་མངའ་མེད་པ་དང་བརྒྱུད་རིམ་གསལ་པོ་མི་ཤེས་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས། “དམངས་དོན་ཚབ་སྒྲུབ”ཀྱི་ཞབས་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། སྡེ་ཁུལ་གྱི་དམངས་དོན་ཚབ་སྒྲུབ་པ་ཏང་ཡོན་12ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དམངས་དོན་170སྒྲུབ་རོགས་བྱས་པ་རེད།

སེམས་ཁུར་དང་དོ་ཁུར་གྱིས“དམངས་སེམས་དྲོ་བར”བྱས་ཤིང་། སྡེ་ཁུལ་གྱི་གཞིས་སྲུང་རྒན་རྒོན་འགྲོ་སྐྱོད་བདེ་པོ་མེད་པ་དང་ཉིན་གུང་ལྟ་རྟོགས་བྱེད་མཁན་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས“གཅེས་སེམས་གསོལ་ལྕོག”བཙུགས་ཏེ་རིན་པ་མི་དགོས་པར་རྒན་རྒོན་5ལ་གུང་ཟས་མཁོ་འདོན་དང་ཉིན་མོ་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།