ལྔ་གཅིག་གུང་གསེང་རིང་བོད་ལྗོངས་ཀྱིས་དྲ་ཐོག་གི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར1.01མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རགས་རྩིས་བྱས་པ་ལྟར། 2020ལོའི་ལྔ་གཅིག་གུང་གསེང་སྐབས་སུ། བོད་ལྗོངས་ཀྱིས་དྲ་ཐོག་གི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར1.01མངོན་འགྱུར་བྱས། དེའི་ཁྲོད་དངོས་པོའི་རྣམ་པའི་དྲ་རྒྱའི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར0.67མངོན་འགྱུར་བྱས་ཏེ། སྤྱི་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་ཁྲོད་ཀྱི་བསྡུར་ཚད66.44%ཟིན། དུས་མཚུངས་སུ་གནས་སྐོར་དང་། བཟའ་བཏུང་། སྤྲོ་གསེང་རོལ་རྩེད་སོགས་མཚོན་བྱེད་དུ་བྱས་པའི་ཞབས་ཞུ་རྣམ་པའི་དྲ་ཐོག་ཚོང་དོན་ལ་བསྡོམས་པས་ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར0.34མངོན་འགྱུར་བྱས་པ་དང་། ཉིན་རེར་ཆ་སྙོམས་སུ་ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར0.07ལ་སླེབས་ཏེ། ཕྱིར་བསྐྱོད་མི་ཐེངས་དེ་དྭངས་གསལ་དུས་ཆེན་སྐབས་ཀྱི་ངལ་གསོའི་དུས་ཚོད་ལས་ལྡབ2.7འཕར་ཡོད་པ་རེད།

ཁྲོམ་རའི་གསོན་ཤུགས་སྔར་ལས་འཕེལ་བ་དང་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་གསར་བ་དང་བསྟུན་ཆེད། “ལྔ་གཅིག”རིང་བོད་ལྗོངས་ཀྱིས་ཚོང་དོན་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་སྦྲག་སྲིད་ཅུའུ། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི“གཉིས་ལྡན་ཐོན་རྫས་དྲ་ཐོག་ཉོ་སྒྲུབ་དུས་ཆེན”སྐབས་གཉིས་པའི་བྱ་འགུལ་ཁྲོད་ཞུགས་ཡོད། བོད་ལྗོངས“གཉིས་ལྡན་དྲ་ཐོག་ཉོ་སྒྲུབ་དུས་ཆེན”ལ་ཐོག་མར་ཞུགས་པ་ཡིན་པས། དྲ་ཐོག་ཚོང་དོན་ཁེ་ལས་གཉིས་བྱ་འགུལ་ཁྲོད་ཞུགས་པར་རྩ་འཛུགས་བྱས། ཁེ་ལས་དེ་གཉིས་ནི་སོ་སོ་ནས་ལྷ་ས་གྲོང་ཁྱེར་ཅིན་ཡུན་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཆི་ཀྲེ་ཐང་ཁེ་ལས་ཚད་ཡོད་ཀུང་སི་ཡིན་པ་རེད། ཐེངས་འདིའི་བྱ་འགུལ་ལས་ལྗོངས་ནང་ཁུལ་གྱི་མཁོ་འདོན་ཚོང་བ50མཉམ་དུ་ཞུགས་པར་སྐུལ་ཁྲིད་བྱས་ཏེ། ཐོན་རྫས་གྲགས་ཅན20ལྷག་དང་ཁྱད་ལྡན་ཞིང་ལས་ཐོན་རྫས253རྩ་འཛུགས་བྱས་ནས་བྲིན་ཚོང་བྱས་པ་དང་འབྲེལ། གཟིགས་སྐྱོང་འཛིན་ཤོག་ཁྲི220སྤྲད་པ་དང་། དྲ་ཐོག་དང་ཡུལ་དངོས་ཀྱི་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི561ལྷག་ལ་སླེབས་ནས། ཞིང་ལས་ཐོན་རྫས་རྒྱ་མ་ཁྲི50ལྷག་ཙམ་ཉོ་ཚོང་བྱེད་རོགས་བྱས་པས། གདེང་འཇོག་ཐོབ་ཚད100%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།