བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་ཁྱིམ་གྱི་སྒོ་རྩར་ཞབས་འདེགས་ཞུ་བ་དང་འཐབ་ས་དང་པོར་དཀའ་ངལ་སེལ་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་གྲོང་སྡོད་ལས་དོན་རུ་ཁག་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་བདུན”ལ་དམིགས་པ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་དང་སྙིང་རུས་གཏན་འཁྱོངས་ཀྱི་ངང་རྒྱུད་ལ་བརྟེན་པ། བཅའ་སྡོད་བྱེད་སའི་ནག་ཆུའི་གྲོང་ཚོ་ཁག་གི་དབུལ་ཞྭ་ཕུད་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་དང་སྲ་བརྟན་མཐོར་འདེགས་ལས་དོན་ནན་ཏན་གྱིས་བསྒྲུབས་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རམ་འདེགས་བྱས་པ་རེད།

ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གིས་བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། དུད་ཚང་དུ་བསྐྱོད་པའི་གོ་སྐབས་སྤྱད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། འཚོ་བ་དང་འབྱུང་འགྱུར་གླེང་བ། ཁོང་ཚོས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བརྒྱབ་པ་རེད།

གྲོང་སྡོད་ལས་དོན་ནི་མང་ཚོགས་ཀྱི་སེམས་ལ་ཟུག་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་བྱ་བ་དངོས་སྒྲུབ་པ་ཞིག་རེད། གྲོང་ཚོར་སྡོད་རིང་ལས་དོན་རུ་ཁག་གིས་དུས་རྒྱུན་དུ་ཞིང་འབྲོག་མང་ཚོགས་ལ་འོས་འགན་ནད་བརྟག་སྨན་བཅོས་དང་སྒོ་རྩར་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས་རྨང་གཞིའི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། མང་ཚོགས་ཚོར་སྤྲོ་སྣང་གི་འཚོ་བའི་རྣམ་འགྱུར་དང་བདེ་ཐང་གི་འཚོ་བའི་གོམས་གཤིས་འཇགས་པར་ཁྲིད་སྟོན་བྱས་པ་རེད། ད་ལོའི་ཟླ་4པའི་བར་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་རིམ་རྩིས་བྱས་ན་སྐོར་སྐྱོད་འོས་འགན་ནད་བརྟག་སྨན་བཅོས་ཐེངས་16བྱས་ཏེ་མང་ཚོགས་མི་ཐེངས་100ལྷག་ཙམ་ལ་ཞབས་འདེགས་ཞུས་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ས་ཚིགས་ཁག་ཏུ་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གི་སྨན་ཁང་གི་རྒྱང་ཁྲིད་བརྙན་ལམ་སྒོ་བསྟེན་མ་ལག་ཁྱབ་གདལ་གཏོང་བའི་ཚོད་ལྟ་བྱས་ཏེ། གསེར་རྙེད་ཆུས་གཞུང་ཐ་གྲོང་ཚོ་དང་མགྲོན་པོ་གྲོང་ཚོར་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་རེ་བཙུགས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་དོན་དངོས་དང་ཟུངའབྲེལ་བྱས་ཏེ་ཧྭ་ཤིས་སྨན་ཁང་དང་ཁྲེང་ཏུའུ་དོན་གཅོད་ཁང་སྨན་ཁང་གི་ཨང་ཀི་འགོད་པ་དང་། ནད་ཁྲི། གཟུགས་པོར་བརྟག་དཔྱད། བསྐྱར་དུ་བརྟག་དཔྱད་བཅས་ཀྱི་སྔོན་མངགས་དང་། དེ་བཞིན་སྨན་རྫས་དང་བརྟག་དཔྱད་སྙན་ཞུ་ཚབ་ལེན་བྱེད་པ་སོགས་ཀྱི་དམངས་ཕན་བྱེད་སྒོ་སྤེལ་བ་དང་སྦྲགས། འཁྱེར་བདེ་བའི་སྒུལ་འཕྲིན་སྒྲིག་ཆས་སྤྱད་དེ་སྒོ་རྩར་སྨན་ཁང་གཉིས་ཀྱི་ཆེད་ཚན་སྒོ་བསྟེན་ཁང་14དང་རིགས་གཅིག་མཁས་ཅན་20ལྷག་ཙམ་ཞུགས་པའི་རྒྱང་ཁྲིད་བརྙན་ལམ་ནད་བརྟག་སྨན་བཅོས་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཏེ། ནད་པར་ནད་བརྟག་སྨན་བཅོས་རགས་ཙམ་བྱས་པ་མ་ཟད། སྨན་བཅོས་ཀྱི་གྲོས་འགོ་བཏོན་པར་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

ད་ལོར་རིམས་ནད་ཐོན་རིང་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་ཅན་དང་། རྙོག་འཛིང་ཅན། དཀའ་ཚེགས་ཅན་བཅས་ཀྱི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱེད་པ། ཕྱིར་རང་ཡུལ་དུ་ལོག་པའི་མི་སྣར་རིམས་ནད་ལྟ་བཤེར་དང་དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་པ་རེད། མིག་སྔའི་བར་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་རིམ་རྩིས་བྱས་ན《ཏོག་གསར་གློ་ཚད་སྔོན་འགོག་གི་ཤེས་བྱའི》ལག་དེབ་500ལྷག་ཙམ་སྤྲད་དེ་མང་ཚོགས་ཚོས་ཕྱི་རོལ་དུ་འགྲོ་དུས་ཁ་རས་རྒྱག་པ་དང་འདུ་འཛོམས་ཉུང་དུ་གཏོང་བ་སོགས་ཀྱི་རང་ངོས་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།