ས་མཐོར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཚ་རླབས་འཕྱུར་བཞིན་པ།

—— བོད་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཐོང་ཐོས།

གངས་ལྗོངས་ས་མཐོར་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་གང་སར་དཔྱིད་ཀྱི་རྣམ་པས་ཁེངས། བོད་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་ཁག་གཅིག་གིས་ཨར་ལས་ཀྱི“རྫོགས་ལྡན་དུས”དམ་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་ལ་འགྱུར་བ་བྱེད་པ་དང་དུས་མཚུངས། ལས་འགོ་བསྐྱར་འཛུགས་ཧུར་ཐག་བྱས་ཏེ་ཨར་ལས་ཀྱི་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་བཞིན་ཡོད་པ་རེད།

ཉེ་ཆར། བོད་ལྗོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཏེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ཁྱིམ་བཞི་གྲོང་ཚོའི་ཆན་ཧྥུའུ་10དང་། དེ་བཞིན་དེ་མན་ཆད་ཀྱི་གློག་གཏོང་སྒྱུར་བཀོད་ལས་གྲྭའི་ལས་ཡུལ་དངོས་ནས་ཨར་ལས་མི་སྣས་གློག་སྐུད་ཁྲིད་པའི་ལས་དོན་ཛ་དྲག་ངང་སྤེལ་བཞིན་པ་གསར་འགོད་པས་མཐོང་བྱུང་།

གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ཁྱིམ་བཞི་གྲོང་ཚོའི་ཆན་ཧྥུའུ་10དང་དེ་བཞིན་དེ་མན་ཆད་ཀྱི་གློག་གཏོང་སྒྱུར་བཀོད་ལས་གྲྭས་གློག་གནོན་སྒྱུར་ཆས་11གསར་བཟོ་སྒྱུར་བཀོད་དང་། ཆན་ཧྥུའུ་10ཡི་གློག་སྐུད་སྤྱི་ལེ་3.4སྒྱུར་བཀོད། གློག་ཆུང་སྐུད་ལམ་སྤྱི་ལེ་16.2སྒྱུར་བཀོད་བཅས་བྱ་རྒྱུ་ཡིན་པ་དེ་དག་དངོས་སུ་བེད་སྤྱོད་བྱས་རྗེས་ཤང་དེ་ཡོངས་ཀྱི་མི་5000ལྷག་ཙམ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད།

དེ་དང་ཆབས་ཅིག ཁྱིམ་བཞི་གྲོང་ཚོ་དང་བར་ཐག་སྤྱི་ལེ་སྟོང་གི་སར་གནས་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཁོངས་སུ་མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་འཛུགས་སྐྲུན་པ་ཚོས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ས་མཐོའི་གྲང་རླུང་ཁྲོད་ནུས་ཤུགས་ཡོད་རྒུས་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་ཀྱི་འཛུགས་སྐྲུན་ལས་འགན་སྒྲུབ་བཞིན་ཡོད་པ་རེད།

མིག་སྔར་གློག་དྲ་འཛུགས་སྐྲུན་པ་ཁྲི་ཡན་གཅིག་རྗེས་གཉིས་མཐུད་ངང་བོད་དུ་ལོག་ནས་ལས་གནས་ཐོག་སྐྱོད་པ་དང་བསྟུན་ནས་བོད་དུ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་སོགས་གློག་དྲ་འཛུགས་སྐྲུན་རྣམ་གྲངས་430ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཡོད་པ་རེད།

གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཕུད། མིག་སྔར་རང་ལྗོངས་ཀྱི་དམངས་འཚོའི་འདུ་འགོད་ཆེ་མོ་གསུམ་ཡང་སྔ་རྗེས་སུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད་པ་རེད།

ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་པུས་འཛུགས་སྐྲུན་གྱི་དམིགས་ཚད་ལ་འགྱུར་ལྡོག་མ་བཏང་བར་ནུས་ཤུགས་ཡོད་རྒུས་ལས་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་མ་གཏོང་བཞིན་ཡོད་པ་རེད།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་ཀྱི་འབྲེལ་ཡོད་འགན་འཁུར་བས“རྣམ་གྲངས་འདི་ནི་ཟླ་2ཚེས་18ཉིན་ནས་བཟུང་ཆ་ཤས་ལས་འགོ་བསྐྱར་འཛུགས་བྱས་པ་དང་མིག་སྔར་ཚང་མ་ལས་འགོ་བསྐྱར་འཛུགས་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་སྐྱོང་ལྗོངས་སྨན་ཁང་གི་ཨར་ལས་བྱ་ཡུལ་གྱི་ས་འདྲུ་བ་དང་ར་སྐོར་བསྐོར་བའི་ལས་ཀ་སྤྱིར་ལེགས་གྲུབ་ཟིན་ཡོད། རྣམ་གྲངས་དོ་དམ་མི་སྣ་དང་། ཨར་ལས་མི་སྣ། འཕྲུལ་ཆས་དང་སྒྲིག་ཆས་ཚང་མ་སྔ་རྗེས་སུ་ལས་ཡུལ་དངོས་སུ་འབྱོར་བཞིན་ཡོད་པ་རེད།

རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ནི་བོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་འདུ་འགོད་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་གནས་ཤིང་། 2019ལོའི་ཟླ་9ཚེས་24ཉིན་དངོས་སུ་ཨར་ལས་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།

དེ་དང་ཆབས་ཅིག དམངས་འཚོའི་འདུ་འགོད་ཆེ་གྲས་གསུམ་ཁྲོད་ཀྱི་བོད་ལྗོངས་ལག་ཤེས་སློབ་གླིང་གི་རྣམ་གྲངས་དང་བོད་ལུགས་གསོ་རིག་སློབ་ཆེན་གྱི་རྣམ་གྲངས་ཀྱང་ཛ་དྲག་ངང་སྐྲུན་བཞིན་ཡོད་པ་རེད།

ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག་རང་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད། དུས་ཚོད་དམ་འཛིན་ཧུར་ཐག་གིས་གྱོང་གུན་གྱི་ཚད་གཞི་དམའ་ཤོས་སུ་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད། སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།