བོད་ལྗོངས་གནམ་གཤིས་ཅུའུ་ཡིས་རིག་ནུས་དྲ་མིག་གི་སྔོན་བརྡའི་བྱེད་སྒོ་མ་ལག་འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་གནམ་གཤིས་ཅུའུ་ཡིས་སྔོན་བརྡའི་ཚད་གཞིར་གནད་འཕིགས་གཏོང་བའི་བླང་བྱ་ལྟར། “སྔོན་བརྡ་དང་སྔོན་དཔག་གནད་འཕིགས་ཡིན་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་ཡིན་པ། ལྟེ་བའི་ལག་རྩལ་རང་གིས་ཚོད་འཛིན་བྱེད་པ། མ་ལག་ལས་སྟེགས་རིག་ནུས་ཡིན་པ། ཤེས་ལྡན་མི་སྣའི་དཔུང་ཁག་ལེགས་འགྱུར་བྱེད་པ། དོ་དམ་ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེ་བ”བཅས་ཀྱི་དུས་ཚོད་རེ་ནས་ཟླ་བ་རེ། དེ་ནས་དུས་ཚིགས་དང་ལོ་བཅས་བར་གྱི་རིག་ནུས་དྲ་མིག་གི་སྔོན་བརྡའི་བྱེད་སྒོའི་མ་ལག་སྐྲུན་ནས། གནམ་གཤིས་སྔོན་དཔག་དང་སྔོན་བརྡའི་གནད་འཕིགས་ཡོང་ཚད་དང་ཞབས་ཞུ་ཞིབ་ཚགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་གནམ་གཤིས་ཅུའུ་ཡིས་ད་དུང་རིག་ནུས་དྲ་མིག་གི་སྔོན་བརྡ་གཏོང་བའི“དྲ་བ་གཅིག”ལྗོངས་ཡོངས་ཀྱི་གནམ་གཤིས་སྔོན་བརྡའི་ཞབས་ཞུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། སྔོན་བརྡའི་ཐོན་རྫས་དང་ཞབས་ཞུའི་ཐོན་རྫས་གཙོ་བོ་དང་རིག་ནུས་དྲ་མིག་གི་སྔོན་བརྡ་འབྲེལ་མཐུད་བྱ་རྒྱུ་དང་། རིག་ནུས་དྲ་མིག་གི་སྔོན་བརྡ་དེ་རི་ཉིལ་ས་གཤིས་ཀྱི་གནོད་འཚེ་དང་། ནགས་ཚལ་གྱི་མེ་སྐྱོན། དྲག་ཆར(ཁ་བ)འབྲུག་གློག་སོགས་གནམ་གཤིས་ཉེན་ཁའི་ཉེན་ཟོན་སྔོན་བརྡ་གཏོང་བའི་ཁྲོད་ཀྱི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ། ནུས་བ་ཆེ་ཞིང་སྟབས་བདེ་ཅན་གྱི་གནམ་གཤིས་གྲངས་གཞི་ཆེན་མོའི་སྤྲིན་ཚོགས་ལས་སྟེགས་བསྐྲུན་ནས། རིག་ནུས་དྲ་མིག་གི་སྔོན་བརྡ་ཞབས་ཞུ་བྱེད་སྒོའི་འདེགས་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།