བོད་ལྗོངས་ཀྱིས་གཅིག་བསྡུས་གཉིས་ཀྱི་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་རྒྱལ་ཡོངས་ནས་ཐོག་མར་འདོད་མོས་ཡོད་པའི་དབུལ་ཕོངས་མི་སྣར་གཅིག་བསྡུས་གསོ་སྐྱོང་དང་དྭ་ཕྲུག་ཡོངས་རྫོགས་གཅིག་བསྡུས་བདག་སྐྱོང་བྱེད་པ་མངོན་འགྱུར་བྱས་པ་ནས་བཟུང་། 2020ལོའི་ཟླ5བའི་ཟླ་མཇུག་བར་དུ། ལྗོངས་ཡོངས་ཀྱིས་དབུལ་ཕོངས་མི་སྣ་བསྡོམས་པས14409གསོ་སྐྱོང་བྱས་པ་དང་། དེའི་ཁྲོད་གཅིག་བསྡུས་གསོ་སྐྱོང་གི་འདོད་མོས་ཡོད་པའི་དབུལ་ཕོངས་མི་སྣ8080ཡོངས་རྫོགས་གཅིག་བསྡུས་གསོ་སྐྱོང་བྱེད་པ་མངོན་འགྱུར་བྱས་ལ། ལྗོངས་ཡོངས་སུ་དྭ་ཕྲུག5413ཡོད་པ་ཡོངས་རྫོགས་གཅིག་བསྡུས་བདག་སྐྱོང་བྱེད་པ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། གཅིག་བསྡུས་གཉིས་ཀྱི་བྱ་བ་སྤེལ་བའི་རིང་། མིག་སྔའི་བར་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར31.12བཏང་སྟེ། ལྔ་སྲུང་གཅིག་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས80དང་བྱིས་པའི་ཕན་བདེ་ཁང10འཛུགས་སྐྲུན་འཆར་འགོད་བྱས་པ་མ་ཟད། དྲོད་འདོན་སོགས་ཀྱི་སྒྲིག་ཆས་ཉོ་སྒྲུབ་བྱས་ཏེ། མེ་འགོག་སྒྲིག་ཆས་མཐོར་འདེགས་བསྒྱུར་བཀོད་དང་། ཉི་འོད་སྤྱིལ་བུ། གོས་འཁྲུད་ཁང་སོགས་ཁོངས་གཏོགས་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞབས་ཞུ་སྤུས་ཚད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད། བོད་ལྗོངས་དམངས་སྲིད་སྡེ་ཁག་གིས2019ལོར་བོད་ལྗོངས་ཀྱི་རྒན་གསོ་ཞབས་ཞུ་ས་གནས་ཀྱི་ཚད་གཞི18དང་བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་ས་གནས་ཀྱི་ཚད་གཞི20གཏན་འབེབས་བྱས་ལ། གཙོ་བོ་ཚད་གཞི་མ་ལག་དང་། ཞབས་ཞུ་དོ་དམ། བདེ་འཇགས་འཁོར་སྐྱོད། ལས་ཕྱོད་དཔྱད་བསྡུར་སོགས་ཀྱི་ནང་དོན་འདུས་ཡོད་པས། གཅིག་བསྡུས་གཉིས་ཀྱི་ལས་ཁུངས་ཀྱི་དོ་དམ་ཞབས་ཞུ་ཚད་ལྡན་ཅན་དང་། ཚན་རིག་ཅན། ཞིབ་ཕྲ་ཅན་དུ་གྱུར་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།