བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སང་ལོ་སྒོ་འབྱེད་རྩིས་ཡོད།

1588905608321752.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིའི་ལག་བསྟར་ཡུལ་དངོས་སུ་འབྱོར་ཏེ། ལས་བཟོ་བ་རྣམས་ཀྱིས་བྲེལ་འཚུབ་ངང་ལས་ཀ་ལས་བཞིན་ཡོད་པ་དང་། རྣམ་གྲངས་སོ་སོའི་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་པ་མཐོང་། ཀྲུང་གོ་བཟོ་སྐྲུན་ཅུའུ་དང་པོའི་སྡེ་ཚོགས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་རྣམ་གྲངས་པུའུ་ཡི་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་བ་ཕན་གོ་ཆང་གིས་གསར་འགོད་པར་བཤད་རྒྱུར། ད་ལོའི་ཟླ2པའི་ཟླ་མཇུག་ནས་བཟུང་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞི་བསྟུད་མར་ལས་འགོ་བསྐྱར་ཚུགས་བྱས་ཤིང་། མིག་སྔར་བསྡོམས་པས་ལས་བཟོ་བ300ལྷག་ལག་གཞི་ལག་བསྟར་བྱ་བའི་ཁྲོད་ཞུགས་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་རྣམ་གྲངས་ནི་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་གི་རིག་གནས་སྟོབས་ལྡན་ཆུས་དང་རིག་གནས་དམངས་ཕན་རྣམ་གྲངས་གལ་ཆེན་ཡིན་ཏེ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6.6བཏང་ཡོད། དེ་འཛམ་གླིང་སྟོབས་ཆེན500ཡི་ཀྲུང་གོའི་བཟོ་སྐྲུན་ཅུའུ་དང་པོའི་ཚད་ཡོད་ཀུང་ཟིས་འགན་འཁུར་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། བཟོ་སྐྲུན་གྱི་གཞི་ཁྱོན་ལ་སྨི་གྲུ་བཞི་མ6.5ལྷག་ཡོད་པ་དང་། འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི5.8ལྷག་ཡོད། དེའི་ཁྲོད་འགྲེམ་ཁང་གི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.9ལྷག་ཡོད་པ་དང་། རིག་དངོས་མཛོད་ཁང་གི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1ལྷག་ཡོད། ནང་ཁུལ་དུ་འགྲེམ་ཁང་ཁུལ་དང་། རིག་དངོས་མཛོད་ཁང་ཁུལ། རིག་དངོས་ཚན་རྩལ་སྲུང་སྐྱོང་ཁུལ། སྤྱི་བའི་སློབ་གསོ་ཁུལ་དང་སྤྲོ་གསེང་ཁུལ་བཅས་འདུས་ཡོད། རྣམ་གྲངས་ཀྱི་བྱེད་ནུས་ལ་འཚོལ་སྡུད་དང་། ཉར་ཚགས། ཞིབ་འཇུག འགྲེམ་སྟོན། སློབ་གསོ་སོགས་ཀྱི་ནང་དོན་ཁྱབ་ཡོད།

ཕན་གོ་ཆང་གིས་བཤད་རྒྱུར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི2016ལོའི་ཟླ12པའི་བཟུང་སྒོ་རྒྱབ་སྟེ་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་པ་ཡིན། མིག་སྔར་བཤམས་མཛོད་ཁང་གི་ཡུལ་དངོས་སྒྲིག་གཞི་གཙོ་བོ་ལེགས་འགྲུབ་བྱུང་ཡོད་དེ། ཐེངས་གཉིས་པའི་སྒྲིག་གཞི་ལག་བསྟར་དང་ཐེངས་གཉིས་པའི་མཛེས་བཟོ། སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་དུས་མཚམས་ལ་སླེབས་ཡོད་པས། ཐོག་མའི་འཆར་གཞི་ལྟར་ན་སང་ལོར་སྒོ་འབྱེད་རྩིས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།