བོད་ལྗོངས་ཀྱིས་རྫོང53གྱི་བོད་སྨན་ཐོན་ཁུངས་ཡོངས་བཤེར་བྱ་བ་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས24ཉིན་བོད་ལྗོངས་སྨན་རྩིས་ཁང་ནས་རྒྱུས་ལོན་པ་ལྟར་ན། སྐོར་ཐེངས་གསར་བའི་བོད་སྨན་ཐོན་ཁུངས་ཀྱི་ཡོངས་བཤེར་བྱ་བ་ལས་རྫོང20ལེགས་འགྲུབ་བྱུང་བ་དང་། བསྡོམས་པས་དངོས་དཔེ5600འཚོལ་སྡུད་བྱས་ཡོད། མིག་སྔའི་བར་དུ་བོད་ལྗོངས་ཀྱིས་རྫོང53གྱི་བོད་སྨན་ཐོན་ཁུངས་ཡོངས་བཤེར་བྱ་བ་ལེགས་འགྲུབ་བྱས།

2011ལོར། ཀྲུང་གོའི་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་ཕྱོགས་ཡོངས་ནས་ཐེངས་བཞི་བའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཚོད་ལྟའི་བྱ་བ་སྤེལ་འགོ་བརྩམས་ཤིང་། སྐོར་གཉིས་བའི་ཚོད་ལྟའི་ཁྱབ་ཁོངས་ཡིན་པའི་ཆ་ནས། བོད་ལྗོངས་ཀྱིས2013ལོ་ནས་འགོ་བརྩམས་ཏེ་ཚོད་ལྟའི་རྫོང30ལ་ཡོངས་བཤེར་བྱ་བ་སྤེལ་འགོ་བརྩམས།

ཡོངས་བཤེར་བྱ་བ་འདིར་བོད་ལྗོངས་སྨན་རྩིས་ཁང་གིས་སྣེ་ཁྲིད་དེ། བོད་ལྗོངས་ཞིང་ཕྱུགས་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། ཁྲུང་ཆིན་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་སོགས་མཐོ་སློབ་དང་ཞིབ་འཇུག་ལས་ཁུངས་མང་པོ་མཉམ་དུ་བྱ་བའི་ཁྲོད་ཞུགས་ཡོད་པ་རེད།

བོད་ལྗོངས་སྨན་རྩིས་ཁང་གི་ལས་བྱེད་མི་སྣ་སངས་རྒྱས་དོན་འགྲུབ་ཀྱིས་བཤར་རྒྱུར། འཚོལ་སྡུད་དངོས་དཔེ་སྟེང་དུ་སྨན་རྫས་རྩི་ཤིང་སྐྱེ་ས་དང་། ས་བབ་མཐོ་ཚད། འཕྲེད་གཞུང་གི་ཏུའུ་གྲངས། སྐྱེ་ཚུལ་གྱི་གོམས་གཤིས་སོགས་ཟིན་བྲིས་གསལ་བོ་བཀོད་ཡོད་དེ། སྨན་རྫས་ཀྱི་ཆ་འཕྲིན་འཐུས་ཚང་དུ་བཏང་ཡོད་ཟེར།

མིག་སྔའི་བར་དུ་བོད་ལྗོངས་ཀྱིས་རྫོང70%ཡི་ཡོངས་བཤེར་བྱ་བ་ལེགས་འགྲུབ་བྱུང་ཞིང་། ལྷག་མ་རྫོང21གི་ཡོངས་བཤེར་བྱ་བ་ད་ལོར་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་རེད།

སངས་རྒྱས་དོན་འགྲུབ་ཀྱིས་ཐེངས་འདིའི་ཡོངས་བཤེར་བྱ་བའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་བོད་སྨན་ཐོན་ཁུངས་ཀྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཏེ་བོད་སྨན་ཐོན་ཁུངས་སྲུང་སྐྱོང་དང་། རྒྱུན་མཐུད་བེད་སྤྱོད། དེ་མིན་བོད་སྨན་ཐོན་ལས་འཕེལ་རྒྱས་འཆར་འགོད་བཅས་ལ་གྲངས་གཞིའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་ཆེད་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།