བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་གནད་སྨིན་རོགས་རམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་གནད་སྨིན་རོགས་རམ་བྱས་པ་རེད། ཟླ4པའི་ཚེས15ཉིན་བར་བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་བསྡོམས་པས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར22.75བཏང་བ་དེས་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་གཏོང་ཚད་ཀྱི34.49%བཟུང་ཡོད། 

ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཁོང་ཚོས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་མཛུབ་སྟོན་ལམ་ལུགས་བཙུགས་ནས“ཡུལ་དངོས+དྲ་ཐོག”གི་མ་དངུལ་བསྡུ་སྒྲིལ་ཐོན་རྫས་སྡེབ་སྒྲིག་ལེགས་སུ་བཏང་བ་དང་ཧེ་བག་ཅན་གྱི་དཀའ་ངལ་སེལ་བའི་བྱེད་ཐབས་ལག་བསྟར་བྱས་ནས་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་ཡོད་ཅེས་བཤད། 

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཀུང་སིར་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཐོན་ལས་དབུལ་སྐྱོར་གྱི་རྒྱུན་འཁོར་མ་དངུལ་སྒོར་ཁྲི3000བཏང་རྗེས་སྲིད་འཛིན་གྲོང་ཚོ36དུ་སྔོ་ཚལ་ཚོང་ཁང་བཙུགས་ནས་ཉིན་གཅིག་ལ་སྔོ་ཚལ་རྒྱ་མ་ཁྲི10ལྷག་ཙམ་ཕྱིར་འཚོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།