གཞིས་ཀ་རྩེ་གྲོང་ཁྱེར་གྱིས2020ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་མང་ཚོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་དང་ཚེས23ཉིན་བར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས2020ལོའི་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་མང་ཚོགས་སློབ་གསོའི་ལག་ལེན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཏེ་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། སྔ་གཞུག་ཏུ་པ་སྣམ་རྫོང་གི་དགའ་གདུང་གྲོང་རྡལ་དུ་འགོ་ཚུགས་མཛད་སྒོ་བསྡུས་ཤིང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚོགས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ཚད་གཞི་མཐོན་པོའི་སྒོ་ནས་འགོ་བརྩམ་རྒྱུ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ད་ལོའི་སློབ་གསོའི་ལག་ལེན་བྱ་འགུལ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་དང་དྲིལ་བསྒྲགས་མཐར་ཕྱིན་བྱེད་པའི་ལས་འགན་དང་པོར་དམིགས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་པའི་དམིགས་འབེན་ལས་འགན་ལ་འབྲེལ་ཏེ། ལོ་སྔོན་མ་གསུམ་གྱི་ནང་འགོ་བརྩམ་རྒྱུ་དང་། གཏིང་ཟབ་ཏུ་གཏོང་བ། མཐོར་འདེགས་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་། 2020ལོ་དེ་སྲ་བརྟན་དུ་གཏོང་བའི་ལོ་རུ་གཏན་ཁེལ་བྱས་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྣང་ཆེན་བཞི་དགའ་ཞེན་བཞི་ཡི་མང་ཚོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ལོ་གསུམ་གྱི་རིང་ལ། བསྡོམས་པས་གཞི་རིམ་གྱི་སྒྲོག་འགྲེལ་པའི་རུ་ཁག་མི་ཁྲི1.43རྩ་འཛུགས་བྱས་ཡོད་ཅིང་། སྒྲོག་འགྲེལ་ཆེན་མོའི་བྱ་འགུལ་སྐོར་ཐེངས་ཁྲི16ལྷག་སྤེལ་ཏེ། མང་ཚོགས་མི་ཐེངས་ཁྲི1067ལ་སློབ་གསོ་ཐོབ་ཡོད། ལག་ལེན་བྱ་འགུལ་སྐོར་ཐེངས་ཁྲི29.6ལྷག་རྩ་འཛུགས་བྱས་ཏེ། མང་ཚོགས་མི་ཐེངས་ཁྲི1437ལྷག་ཞུགས་ཡོད། མང་ཚོགས་སློབ་གསོའི་ལག་ལེན་བྱ་འགུལ་དེ་གཞིས་ཀ་རྩེ་རུ་རྐང་ཚུགས་པ་དང་། ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་སྟེ། ཕན་འབྲས་ཀྱང་མངོན་གསལ་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།