དུས་ཚིགས་དང་པོར་བོད་མཚོ་བཟོ་ལས་གླིང་ཁུལ་གྱིས་ཐོན་སྐྱེད་ཀྱི་འགོ་ཡག་པོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་མཚོ་བཟོ་ལས་གླིང་ཁུལ་ནས་རྒྱུས་ལོན་པ་ལྟར་ན། པྲོག་གསར་གློག་ཚད་རིམས་ནས་སྔོན་འགོག་ཚོད་འཛིན་བྱ་བ་སྤེལ་བའི་རིང་ལ། བོད་མཚོ་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ཕན་འབྲས་ཐོབ་པ་དང་ལས་ཐོན་བསྐྱར་ཚུགས་གོ་རིམ་ལྡན་པར་སྐུལ་འདེད་བཏང་བས། དུས་ཚིགས་དང་པོར་བོད་མཚོ་བཟོ་ལས་གླིང་ཁུལ་གྱིས་ཐོན་སྐྱེད་ཀྱི་འགོ་ཡག་པོ་བརྩམས།

བོད་མཚོ་བཟོ་ལས་གླིང་ཁུལ་དུ་བཟོ་སྐྲུན་ལས་རིགས་དང་། རྫས་འགྱུར་བཟོ་ལས། ལས་སྣོན་ལས་རིགས་དང་འབྲེལ་བ་ཡོད་པའི་ཐོན་སྐྱེན་རྣམ་པའི་ཁེ་ལས11སླར་གསོ་བྱས་པ་དང་། སླར་གསོ་བྱེད་ཚད90.91%ལ་སླེབས། ཉོ་ཚོང་རྣམ་པའི་ཁེ་ལས34རྒྱུན་ལྡན་གྱི་ཚོང་གཉེར་བྱ་འགུལ་སྤེལ་འགོ་བརྩམས། དུས་མཚུངས་སུ་ཐོ་འགོད་ཁེ་ལས6གསར་སྣོན་བྱས་པ་དང་། ཐོ་འགོད་དངུལ་རྩ་སྒོར་དུང་ཕྱུར2.4གསར་སྣོན་བྱས་ཡོད། རིགས་སོ་སོའི་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར18.65མངོན་འགྱུར་བྱས་ཏེ། དུས་མཉམ་ལས2.5%འཕར་ཡོད། ཁྲལ་སྡུད་སྒོར་དུང་ཕྱུར2.7མངོན་འགྱུར་བྱས་ཏེ་དུས་མཉམ་ལས18.6%འཕར་ཡོད་པ་རེད།

བོད་མཚོ་བཟོ་ལས་གླིང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར།དུས་ཚིགས་དང་པོར་བོད་མཚོ་བཟོ་ལས་གླིང་ཁུལ་གྱིས་ཐོན་སྐྱེད་ཀྱི་འགོ་ཡག་པོ་བརྩམས་རྗེས། གླིང་ཁུལ་གྱིས་ལོ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་ལ་མུ་མཐུད་དུ་དམིགས་ནས། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུ་ཆའི་འགན་སྲུང་ལ་སྐུལ་འདེད་བྱེད་པ། རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། གནས་ཐང་འཕར་བར་འགན་སྲུང་བྱེད་པ་བཅས་ཕྱོགས་ལྔ་གཅོ་གནད་དུ་བཟུང་སྟེ། ཚོང་འགུག་དངུལ་འདྲེན་གྱི་རྣམ་པ་གསར་གཏོད་དང་། དྲ་ཐོག་གི་ཞིབ་མཆན་གནང་བའི་གཞུང་སྒྲུབ་བྱ་བར་ཤུགས་སྣོན། ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་སྟེ། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་བྱེད་པར་མཛུབ་སྟོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལོ་ཧྲིལ་བོའི་གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་ལས་འགན་གཉིས་ཀ་རྒྱལ་ཁ་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།